64783

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་ལྟ་ (1)
Part of speech མིང་ཚིག
Definition སྤྱིར་ཟག་བཅས་ལ་དམིགས་པའི་ལྟ་བ་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་ཡིན་མོད་ཀྱི། འོན་ཀྱང་སྤྱི་མིང་བྱེ་བྲག་ལ་བཏགས་ནས་བདག་དང་བདག་གི་བའི་རྣམ་པ་ཅན་གྱི་ལྟ་བ་འདི་ནི་དམིགས་ཡུལ་མི་རྟག་པ་དུ་མ་ལ་དམིགས་ཤིང་བདག་དང་བདག་གིར་ལྟ་བ་ཡིན་གྱི། ཕྱི་རོལ་པ་འདོད་པའི་རྟག་པ་གཅིག་པུ་ལ་དམིགས་པ་ནི་མ་ཡིན་པས་མི་རྟག་པ་དུ་མ་ལ་དམིགས་པ་བདག་དང་བདག་གིར་ལྟ་བ་འདི་ཁོ་ན་འཇིག་ཚོགས་ལ་ལྟ་བར་བསྟན་པའི་ཕྱིར་མདོ་ལས། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་ན་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་བོ་འདི་དག་ལ་ལྟ་བ་ཁོ་ནར་ཟད་དོ་ཞེས་འབྱུུང་བས་སྐད་ཅིག་རེ་རེ་ལ་འཇིག་ཅིང་རྡུལ་དང་ཆ་དུ་མ་ཚོགས་པའི་ཉེར་ལེན་གྱི་ཕུང་པོ་ལྔ་པོ་མི་རྟག་པ་དུ་མ་ལ་དམིགས་ནས་རྣམ་ཤེས་ལ་བྱེད་པ་པོ་བའི་བདག་དང་ཕུང་པོ་གཞན་བཞི་ལ་དབང་བསྒྱུར་བྱའི་བདག་གི་བར་ལྟ་བའམ། ཡང་ན་མིང་བཞིའི་ཕུང་པོ་ལ་བདག་དང་གཟུགས་ལ་བདག་གིར་ལྟ་བའོོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:འཇིག་ལྟ་

|; |@@@ | | }}

འཇིག་ལྟ་ (2)
Part of speech མིང་ཚིག
Definition ཕུང་པོ་ལ་བརྟེན་ནས་ངར་འཛིན་པ་འཇིག་ཚོགས་ལ་ལྟ་བ་ཡིན་པར་མ་ཟད་ངའི་གཟུགས་ཕུང་ངོ་སྙམ་པ་ལྟ་བུ་ངས་ཁྱད་པར་དུ་བྱས་ནས་ཕུང་པོར་འཛིན་པའང་འཇིག་ཚོགས་ལ་ལྟ་བ་ཡིན་པར་གསུངས་སོ། །དེ་ཉིད་ཆོས་ཀྱི་བདག་འཛིན་མ་ཡིན་ནམ་སྙམ་ན། ངས་ཁྱད་པར་དུ་མ་བྱས་པར་སྤྱིར་ཕུང་པོ་ཙམ་དུ་འཛིན་པ་ཆོས་ཀྱི་བདག་འཛིན་དུ་འཇོག་པས་ཁྱད་པར་ཤིན་ཏུ་ཆེ་བ་སྟེ། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཞེས་པའི་སྐབས་ཀྱི་ཕུང་པོའི་དངོས་པོ་ལ་ཆགས་པའི་བློ་དང་། ཇི་སྲིད་ཕུང་པོར་འཛིན་ཡོད་པ་ཞེས་པའི་སྐབས་ཀྱི་ཕུང་པོར་འཛིན་པའི་བློའི་ཁྱད་པར་ལྟ་བུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མ་སྤྱི་དོན་ལས་སོ། །

{{#arraymap:འཇིག་ལྟ་

|; |@@@ | | }}

འཇིག་ལྟ་ (3)
Part of speech མིང་ཚིག
Definition འཇིག་ཚོགས་ལ་ལྟ་བ་ནི། ཕུང་པོ་དམིགས་ཡུལ་དུ་བྱས་པ་སྔོན་དུ་སོང་བ་ལ་བརྟེན་ནས་གཞི་མེད་ལ་ངའོ་སྙམ་དུ་གཟུང་བའི་ངར་འཛིན་ལྷན་སྐྱེས་ཡིན་ལ། དེ་ཉིད་འདིར་ཤེས་རབ་ཉོན་མོངས་ཅན་དུ་བཤད་དོ། །གྲུབ་མཐས་བློ་བསྒྱུར་བ་རྣམས་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་ང་ཙམ་དེ་ཉིད་རྫས་སུ་ཡོད་པའི་སྒྲུབ་བྱེད་དུ་ཕུང་པོ་དང་གཅིག་དང་ཐ་དད་སོགས་ཀུན་བཏགས་རྣམས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། །

{{#arraymap:འཇིག་ལྟ་

|; |@@@ | | }}

འཇིག་ལྟ་ (4)
Part of speech མིང་ཚིག
Definition འཇིག་ལྟ་ནི་བདག་དང་བདག་གིར་ལྟ་བ་སྟེ་རྣམ་ཤེས་དང་མིང་བཞི་ལ་བདག་དང། བཞིའམ་གཟུགས་ལ་བདག་གིར་ལྟ་བ་ཞེས་འཆད་ཀྱང། ལྔ་ཅར་ལ་བདག་དང་བདག་གིར་འདོད་པ་མི་འགལ་བས་དེ་ལ་དེར་ཅི་རིགས་པར་ལྟ་བའོ། །དེ་ཡང་འཇིག་ཅིང་རབ་ཏུ་འཇིག་པས་ན་འཇིག་པ་དང་བསགས་པས་ན་ཚོགས་ཏེ་མང་པོའམ་ཕུང་པོ་ཞེས་པའི་དོན་ཡིན་པས་ཉེར་ལེན་ཕུང་པོ་ལྔ་ནི་འཇིག་ཚོགས་སོ། །དེ་ལ་ལྟ་བས་ན་འཇིག་ཚོགས་ལ་ལྟ་བ་ཞེས་སྤྱི་མིང་གིས་བསྟན་ཏོ། །ལྔ་པོ་དེར་འཇོག་པ་ནི་རྟག་པ་དང་རིལ་པོར་འདུ་ཤེས་པ་སྤང་བའི་ཕྱིར་ཡིན་ལ། དེ་དག་སྤངས་ན་བདག་ཏུ་འཛིན་པའང་སྤང་བར་འགྱུར་ཏེ་དེ་ནི་དེ་དག་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཟག་བཅས་ལ་དམིགས་པའི་ལྟ་བ་ཐམས་ཅད་ཀྱང་འཇིག་ཚོགས་ལ་ལྟ་བ་ཡིན་གྱི་དེའི་ཡུལ་ཅན་བདག་གམ་བདག་གིར་ལྟ་བ་ཁོ་ན་ལ་དེར་འཆད་པ་ནི་འདི་ཉིད་འཇིག་ཚོགས་ལ་ལྟ་བ་ཡིན་གྱི་བདག་དང་བདག་གི་མེད་དོ་ཞེས་བཤད་པའི་དོན་དུའོ་ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། །

{{#arraymap:འཇིག་ལྟ་

|; |@@@ | | }}

འཇིག་ལྟ་ (5)
Part of speech མིང་ཚིག
Definition ལྟ་བ་ལྔའི་ནང་གསེས་ཤིག་སྟེ། རང་རྒྱུད་ཀྱི་འཇིག་ཅིང་ཚོགས་པའི་ཕུང་པོ་ལ་དམིགས་ནས་བདག་དང་བདག་གི་བར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ཞིག་སྟེ། གསལ་བར་སྨྲ་ན། སེར་སྨད་རྒྱལ་དབང་མཛོད་ལས། ཉེར་ལེན་གྱི་ཕུང་པོ་ལྔ་བདག་ཏུ་མ་གྲུབ་ཀྱང་དེ་ལ་དམིགས་ནས་རྣམ་ཤེས་ལ་བྱེད་པོའི་བདག་དང༌། ཕུང་པོ་གཞན་བཞི་དབང་བསྒྱུར་བྱའི་བདག་གི་བར་གྲུབ་པར་བལྟ་བའམ། མིང་གཞིའི་ཕུང་པོ་ལ་བདག་དང༌། གཟུགས་ལ་བདག་གི་བར་བལྟ་བ་ལྟ་བུ་འཇིག་ཚོགས་ལ་ལྟ་བ་དང༌། ཞེས་གསུངས། ངར་འཛིན་འཇིག་ལྟ་དང་། ང་ཡི་བར་འཛིན་པའི་འཇིག་ལྟའི་ཁྱད་པར་ནི། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། རང་ལུགས་ནི། འཇིག་ལྟ་གཉིས་པོ་དེ་དམིགས་པ་ཙམ་གྱིས་འབྱེད་པ་མ་ཡིན་ཏེ། དམིགས་པའི་གཙོ་བོ་དམིགས་པར་འཇོག་ཚུལ་གྱི་སྒོ་ནས་འབྱེད་པ་ཡིན་པའི་ཕྱིར། དེར་ཐལ། ང་ཙམ་གཉིས་ཀའི་དམིགས་པའི་གཙོ་བོར་མཚུངས་པ་ལ་ངར་འཛིན་པའི་འཇིག་ལྟས་ང་ལ་དམིགས་ནས་ངར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན། ང་ཡི་བར་འཛིན་པའི་འཇིག་ལྟས་ང་ལ་དམིགས་ནས་དེ་མིག་རྣ་སོགས་ལ་ལོངས་སྤྱོད་པ་པོར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ང་ཡིར་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པའི་ཤེས་རབ་ཉོན་མོངས་པ་ཅན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་བྱས་ན། ཕྱི་མའི་དམིགས་པ་ལ་གཙོ་ཕལ་གཉིས་འབྱེད་དགོས་ཏེ། ལོངས་སྤྱད་བྱའམ་བདག་གིར་འཛིན་རྒྱུའི་མིག་རྣ་སོགས་ལ་ཡང་དམིགས་དགོས་པའི་ཕྱིར། དེར་ཐལ། རྩ་བར། བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཞེས་དང༌། དེའི་འགྲེལ་པ་ལས། འདི་ནི་བདག་གིའོ་སྙམ་དུ་ངར་འཛིན་པའི་ཡུལ་ལས་གཞན་པའི་དངོས་པོའི་རྣམ་པ་མ་ལུས་པ་ལ་དམིགས་ནས་མངོན་པར་ཞེན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིིར། ཞེས་དང་། འདིར་བདག་གིར་འཛིན་པའི་དོན་ལོངས་སྤྱོད་པ་པོར་འཛིན་པ་ལ་བྱེད་རིགས་པར་ཐལ། དེ་ཙམ་ལ་མི་བྱེད་ན་བདག་གིར་འཛིན་པ་རྩོད་གཞི་སོ་ན་གནས་ཤིང༌། དེ་ལས་གཞན་པའི་དགོངས་པ་ལེན་པ་ཡང་དཀའ་བའི་ཕྱིར་དང༌། དེ་གཉིས་ལ་ང་དང་ང་ཡིར་འཛིན་པ་ཞེས་པས་ཀྱང་ཐོན་པའི་ཕྱིར། གང་ཟག་གི་བདག་འཛིན་ལ་ལོངས་སྤྱོད་པ་པོར་འཛིན་པའི་བདག་འཛིན་གྱི་ཐ་སྙད་མི་བྱེད་ཟེར་ན། མི་འཐད་དེ། མངོན་རྟོགས་རྒྱན་དུ། གཟུང་བར་རྟོག་པ་རྣམ་པ་གཉིས། །ཞེས་དང༌། འགྲེལ་པར། འཛིན་པར་རྟོག་པ་ཞེས་པ་ཙམ་ལས་མ་བྱུང༌། དེའི་དོན་ལོངས་སྤྱད་བྱ་སྤྱོད་བྱེད་ལ་བྱེད་པ་ལེགས་ལྡན་འབྱེད་དུ་མཛད་ཅིང༌། འཛིན་རྟོག་གོང་འོག་གཉིས་ཀའི་སྐབས་སུ་དེའི་དམིགས་ཡུལ་གང་ཟག་གསུངས་པའི་ཕྱིར། ཁོ་ན་རེ། ཁྱོད་ཀྱི་འཆད་ཚུལ་དེ་དག་མི་རིགས་པར་ཐལ། རྗེའི་དབུ་མའི་ཡིག་ཆ་ཕལ་ཆེར་ལས། འཇིག་ལྟ་ཕྱི་མས་ང་ཡི་བ་ལ་དམིགས་པའི་གསུང་རིགས་དང་འགལ་བའི་ཕྱིར། ཟེར་ན། དེ་ལྟ་བུ་ནི་ལས་དང་པོ་བའི་སྤྱོད་ལུགས་ཡིན་ཏེ། གསུང་རིགས་དེ་ཉིད་ལ་གཞན་གྱིས་རྩོད་པ་བྱུང་ཞིང༌། རང་གི་ཡང་དགོངས་པ་བརྟག་དགོས་པ་བྱུང་བ་ཡིན་པའི་ཕྱིར། ཞེས་གསུངས།

{{#arraymap:འཇིག་ལྟ་

|; |@@@ | | }}

འཇིག་ལྟ་ (6)
Part of speech མིང་ཚིག
Definition རང་རྒྱུད་ཀྱི་ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་ང་དང་ང་ཡིར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། འཇིགས་ཚོགས་ལ་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་བདག་དང་བདག་གིར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང་། འདོད་པ་དང། བློ་གྲོས་དང། རྟོག་པ་དང། ལྟ་བ་གང་ཡིན་པ་སྟེ། ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། འཇིག་ལྟའི་བྱེད་ལས་ནི། འདིས་ལྟ་ངན་ཐམས་ཅད་ཀྱི་རྟེན་བྱེད་པའོ། །འཇིག་ལྟ་ལ་ནང་གསེས་ཀྱི་དབྱེ་ན་ཉི་ཤུར་དབྱེར་ཡོད།

{{#arraymap:འཇིག་ལྟ་

|; |@@@ | | }}