93565
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། མཚན་ཉིད་ནི་ཟག་མེད་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་ཐོབ་པར་བྱ་བའི་འགོག་པའོ། །མཚན་གཞི་ནི་ཆོས་གང་ཞིག་ཟག་བཅས་དང་བྲལ་བ་སྟེ། བྱེ་བྲག་ཏུ་སྨྲ་བས་ལུང་ལས་བདེན་པ་བཞིར་བཤད་པས། འགོག་པ་ནི་རྫས་སུ་ཡོད་པ་སྟེ། བདེན་པར་བཤད་པའི་ཕྱིར་ལྷག་མ་གསུམ་བཞིན་ནོ་ཞེས་འདོད་ལ། མདོ་སྡེ་པས་དགག་བྱ་ཟག་བཅས་ཞི་བ་ཙམ་གྱི་མེད་དགག་ལ་འདོད། སྒྲ་དོན་ནི། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་སོ་སོར་བརྟགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཐོབ་པའི་འགོག་པའོ། །དབྱེ་བ་ནི། འོ་ན་ཟག་བཅས་ཐམས་ཅད་ཀྱི་འགོག་པ་གཅིག་གམ་ཐ་དད་ཞེ་ན། རྫས་སོ་སོ་བ་ཁོ་ན་ཡིན་ཏེ། འགྲེལ་པར་ལྡན་པའི་རྫས་རྣམས་ཅི་སྙེད་པ་བྲལ་བའི་རྫས་རྣམས་ཀྱང་དེ་སྙེད་དོ་ཞེས་གསུངས་པས། ལྡན་པའི་རྫས་སྤང་བྱ་རིས་ལྔ་རྫས་ཐ་དད་པས་དེ་དག་སྤངས་པའི་འགོག་པ་ལྔ་ཡང་རྫས་ཐ་དད་ཡིན་པའི་ཕྱིར། དེ་ལྟར་མིན་ན་སྡུག་བསྔལ་མཐོང་སྤང་གི་འགོག་པ་ཐོབ་པ་ན་སྤང་བྱའི་རིས་གཞན་རྣམས་ཀྱི་འགོག་པའང་ཐོབ་པར་འགྱུར་བས་རིས་ལྷག་མ་རྣམས་སྤང་བའི་ཆེད་དུ་གཉེན་པོ་དོན་མེད་དུ་འགྱུར་བའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། ། བདེན་བཞི་གང་རུང་ལ་སོ་སོར་རྟོགས་པའི་ཤེས་རབ་ཏུ་གྱུར་པའི་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་ཐོབ་པའི་འགོག་པ་དེ་སོ་སོར་བརྟགས་གི་མཚན་ཉིད་ཡིན་ནོ། །དབྱེ་ན། སྡུག་བསྔལ་མཐོང་སྤང་སྤངས་པའི་འགོག་པ་ནས་སྒོམ་སྤང་སྤངས་པའི་བར་ལྔ་ཡོད་དོ། །སྤང་བྱ་བརྒྱད་ཅུ་རྩ་དགུའི་སྒོ་ནས་དབྱེ་ན། དེ་སྤངས་པའི་བརྟག་འགོག་ཀྱང་བརྒྱད་ཅུ་རྩ་དགུ་ཡོད་དེ། མཐོང་སྤང་བཞི་ལ་འདོད་པ་དང། ཁམས་གོང་མ་སོ་སོར་ཕྱེ་བས་བརྒྱད། སྒོམ་སྤངས་ལ་ས་དགུ་པོ་རེ་རེ་ལ་ཆེན་པོའི་ཆེན་པོ་ལ་སོགས་པ་དགུ་དགུ་སྟེ་བརྒྱད་ཅུ་གྱ་གཅིག ཀུན་བསྡོམས་པས་བརྒྱད་ཅུ་རྩ་དགུ་ཡོད་པས། བྲལ་འབྲས་ལ་ཡང་འདོད་པའི་སྡུག་བསྔལ་མཐོང་སྤང་སྤངས་པ་ནས། སྲིད་རྩེའི་སྒོམ་སྤང་ཆུང་ངུའི་ཆུང་ངུ་སྤངས་པའི་བར་བརྒྱད་ཅུ་རྩ་དགུ་ཡོད། བརྟགས་འགོག་དང་བྲལ་འབྲས་འདུས་མ་བྱས་དོན་གཅིག་ཅིང། མཐོང་ལམ་གྱི་རྗེས་སུ་སྤངས་པ་རྣམས་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གང་གིས་སྤངས་ཀྱང་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ལ། མཐོང་ལམ་གྱི་སྔ་རོལ་དུ་སོ་སོ་སྐྱེ་བོས་གོང་སའི་ཉེར་བསྡོགས་ལ་བརྟེན་ནས་ཅི་ཡང་མེད་ཀྱི་ཉོན་མོངས་སྤངས་པའི་བར་སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པ་རྣམས་ནི་བརྟགས་འགོག་ཡིན་ལ། དགེ་སྦྱོང་ཚུལ་གྱི་འབྲས་བུ་མ་ཡིན་པའི་རྣམ་དབྱེ་ཤེས་དགོས་སོ། །དེ་བས་ན་སོ་སོར་བརྟགས་པས་ཞེས་པའི་དངོས་བསྟན་གྱི་སོ་སོར་རྟོགས་པའི་ཤེས་རབ་དང། བྲལ་བ་བློ་ཡིས་ཟད་པའོ་ཞེས་པའི་དངོས་བསྟན་གྱི་བློ་གཉིས་དོན་གཅིག་ཅིང་། མཐོང་ལམ་གྱི་སྔ་རོལ་གྱི་ཟག་བཅས་བར་ཆད་མེད་ལམ་གྱི་ངོ་བོ་གྱུར་པའི་ཤེས་རབ་རྣམས་ཀྱང་འདི་གཉིས་ཀྱི་མཚན་གཞི་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:སོ་སོར་བརྟགས་འགོག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འགོག་པ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། ངེས་ཚིག །མཆིམས་མཛོད་ལས། སྒྲ་དོན་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་ཤེས་རབ་ཀྱིས་སོ་སོར་བརྟགས་པས་ཐོབ་པའི་འགོག་པ་ཡིན་པས་སོ་སོར་བརྟགས་པས་འགོག་པ་ཞེས་བྱ་སྟེ། ཞེས་གསུངས། མཚན་ཉིད། བྱེ་བྲག་སྨྲ་བ། མཆིམས་མཛོད་ལས། བར་ཆད་མེད་ལམ་གྱིས་བསྡུས་པའི་ཟག་མེད་ཀྱི་ཤེས་རབ་ཀྱི་སྟོབས་ཀྱིས་ཐོབ་པར་བྱ་བའི་དགག་བྱ་ཟག་བཅས་དང་བྲལ་བས་ཐོབ་པར་བྱ་བའམ། ཡང་ན་གཉེན་པོའི་སྟོབས་ཀྱིས་དགག་བྱ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའོ། །ཞེས་དང་། སོ་སོར་བརྟགས་འགོག་དེ་སོ་སྐྱེ་དང་འཕགས་པ་གཉིས་ཀ་ལ་ལྡན་ཏེ། མཆིམས་མཛོད་ལས། སོ་སོར་བརྟགས་འགོག་དང་ནི་འཆིང་བ་མཐའ་དག་དང་ལྡན་པའི་ཟག་མེད་སྐད་ཅིག་མ་དང་པོ་ལ་གནས་པ་མ་གཏོགས་པའི་འཕགས་པ་ཐམས་ཅད་དང་། སོ་སོའི་སྐྱེ་བོ་ཁ་ཅིག་ཀྱང་ལྡན་ཏེ། འཆིང་བ་མཐའ་དག་དང་ལྡན་པའི་ཟག་མེད་སྐད་ཅིག་དང་པོ་ལ་གནས་པ་ནི་བར་ཆད་མེད་པའི་ལམ་ཡིན་གྱི་རྣམ་གྲོལ་གྱི་ལམ་མ་ཡིན་པའི་ཕྱིར་དང་། ༼འགག་འགྱུར་གྱི་སྤོང་བའི་ཕྱིར་དང་༽སོ་སོའི་སྐྱེ་བོ་ཁ་ཅིག་ཀྱང་བསམ་གཏན་གཟུགས་མེད་ཀྱི་ཉེར་བསྡོགས་ཀྱི་སྟོབས་ཀྱིས་ས་དང་ས་ལས་འདོད་ཆགས་དང་འབྲལ་བའི་རྟགས་ཐོབ་པའི་ཕྱིར་རོ། །ཞེས་གསུངས་སོ།། དོན་གཅིག་མིང་གི་རྣམ་གྲངས་ལ། བརྟགས་འགོག་དང་། །སོ་སོར་བརྟགས་འགོག་གོ། |
{{#arraymap:སོ་སོར་བརྟགས་འགོག་
|; |@@@ | | }}