95489

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེས་སྤར་ (1)
Part of speech མིང་ཚིག
Definition མ་ཀླུང་སྐྱེས་པའི་སྤར་ཁ་སྟེ། བརྩི་བྱ་དག་བཙའ་དུས་དེར་བབས་པའི་སོ་སོའི་མའི་ནང་གི་བབས་སྤར་ནི་རང་ཉིད་སྐྱེས་དུས་ཀྱི་མའི་སྤར་ཁ་ཡིན་པས། རང་ཉིད་གང་སྟེང་སྐྱེས་པའི་སྤར་ཁ་དེ་ལ་བརྩི་བྱ་རང་རང་གི་སྐྱེས་སྤར་ཟེར་ཞིང་། དེ་ནི་མ་ལོ་ནས་བརྩི་བྱ་བུ་ལོས་ཕྲིས་ལྷག་སྟེང་གཅིག་བསྲེས་ན་རང་བཙའ་དུས་ཀྱི་མའི་ལོ་གྲངས་ཡིན་པས། ལོ་གྲངས་དེས་བུད་མེད་ཀྱི་ནང་གི་སྐོར་འགོ་ཁམ་ནས་བཟུང་སྟེ་གཡོན་བསྐོར་གྱིས་ཁེན་ཕྱོགས་ལ་བགྲངས་ན་གང་དུ་འབབ་པའི་སྤར་ཁ་དེ་ཡིན། བརྩི་བྱའི་ཡུལ་དུ་གྱུར་བ་སུ་ཞིག་གི་སྐྱེས་སྤར་དེ་གྲི་དང་ཐབ་གཞོབ་ས་ཞེས་བྱ་བ་ལི་ཡིན་ན་དཀྱེལ་ཆེ་ཞིང་ཕྲ་མ་ལ་དགའ། མགོ་དང་དབང་པོ་སྐྱོན་ཅན་འོང་། ཕའམ་གྱོས་པོའི་གདན་ས་འཕྲོག་མ་ཉེས་ཁ་ཡོག་རྟག་ཏུ་འོང་། རྒྱལ་པོ་བཙན་བདུད་འགོ་ཞིང་འགོང་བོ་གནོད། ཕོ་ཡིན་ན་དམར་ངོ་ཁྲག་ངོ་དང་ཕ་མེས་ཀྱི་རིང་ནས་གྲི་ཁ་ཕྱེས་ཡོད་པས། རིམ་གྲོར་གྲི་ཁ་མཚོན་བསྒྱུར་དང་སྲུང་བའི་མདོ་བཞི་འདོན་དགོས། མོ་ཡིན་ན་ཐབ་གཞོབ་འཁོན་གྱི་རྐྱེན་གྱིས་ས་བདག་དང་གཉན་ནད་འབྱུང་ཞིང་བུ་ཚ་སྐྱོན་ཅན་འོང་བས། རིམ་གྲོར་སྣང་བརྒྱད་དང་བཀྲ་བརྩེགས་འདོན་དགོས། དུར་འདྲེ་དུར་སྐྱོན་ས་ཞེས་བྱ་བ་ཁོན་ཡིན་ན་ཕ་མེས་ཀྱི་དུར་བཏབ་པ་ཉེས་པས་མི་བརྒྱུད་ལ་གླེན་ལྐུགས་དང་། ཞ་འཐེང་། ཀླུ་དང་འགྲས་པ། འཐིབས་གྲིར་ཤི་བ་བཅས་འོང་ཞིང་། རྟག་ཏུ་ཞེ་འཁོན་དང་ན་ཚ་མང་། བུ་གསོ་དཀའ་ཞིང་བྱེ་ཡུགས་འབྱུང་། བློ་བརྟན་པས་གཞན་གྱིས་བཅོ་དཀའ། རོ་བག་མི་གཙང་བ་ལ་གཟབ་དགོས། ནག་སྨུག་ཀླུ་སྨན་འགོ་ཞིང་ས་བདག་ཀླུ་མོ་གནོད། ཚེ་སྟོད་ལ་ཕྱུག་ཀྱང་ཚེ་སྨད་ལ་དབུལ་བས། བཅོས་སུ་སྣང་བརྒྱད་དང་། གཏེར་སྒྲུབ། ཀླུ་གཏོར། སཱཙྪ་ཅི་མང་། དུར་ལྷ་གསོལ་བ་བཅས་བྱ་དགོས། དམེ་གྲི་དྭ་ཡི་ས་ཞེས་བྱ་བ་དྭ་ཡིན་ན་ཕ་མེས་གྲིར་ཤི་ནས་དྭའུ་བྱེད། ནོར་རྫས་སྲབ། བཙན་འགོ་ཞིང་གྲེ་བོ་གནོད། སྙིང་སྟོབས་ཆེ། སེམས་པ་དཀར། སྤྲོ་ཐུང་། ཟས་ནོར་ལ་གང་སྟོངས་ཆེ། ཐ་མར་གྲིར་འཆི་ཉེན་ཡོད་པས། རིམ་གྲོར་དཀོན་བརྩེགས་དང་། རྒྱས་འབྲིང་བསྡུས་གསུམ། དགྲ་གནོན་བཅས་བྱ་དགོས། ཞ་འཐེང་གང་སྟོངས་ས་ཞེས་བྱ་བ་ཁེན་ཡིན་ན་ཕ་མེས་ཞ་འཐེང་དང་། སྒུར་བོ། གླེན་ལྐུགས་བཅས་ཡོད། དགྲ་སྣ་ཅུང་ཟད་འབྱུང། ཡུལ་ལ་འཕོ་འཕྱུགས་འོང་། འགོང་པོ་འགོ་ཞིང་རྒྱལ་པོ་གནོད། སྐྱིད་སྡུག་གང་སྟོངས་ཆེ་བས། རིམ་གྲོར་མཎྜལ་བཞི་བ་དང་། བརྒྱད་སྟོང་བ། གྲྭ་ལྔ་བཅས་འདོན་དགོས། བཙོག་མནོལ་སྐྱས་ནག་ས་ཞེས་བྱ་བ་ཁམ་ཡིན་ན་བུ་སྲིང་མ་སྲི་རབས་ཆད་ཀྱི་རྫས་ནག་སྐྱས་ཀྱིས་སྙད་བྱས་ཏེ་ཕ་མིང་དམའ་ལ་བུ་སྲིང་མཐོ། མནའ་མ་བྱེ་བྲལ་བྱས་པ་འདུས། ནང་དུ་ཉོག་ཆེ་ཞིང་ཕྱི་རུ་འཇམ། སྡུག་བསྔལ་མོད། མཐོ་སེམས་ཆེ་ལ་རང་ཚུགས་དམ། བུ་ཚ་ནལ་བུའི་ངོ་ཡོད། ཀླུ་བཙན་དཀར་མོ་དང་མ་མོ་འགོ་ཞིང་བསེན་མོ་གནོད་པས། རིམ་གྲོར་ཀླུ་གཏོར་དང་། ཀླུ་བསང། གསེར་འོད། བསེན་མོ་དགུ་མདོས་བཅས་བྱ་དགོས། ས་བདག་ཐབ་གཞོབ་ས་ཞེས་བྱ་བ་གིན་ཡིན་ན་བློ་བརྟན་པས་གཞན་གྱིས་བཅོ་དཀའ། ཁ་ཉུང་ཞིང་ཚིག་བརྟན། ཕྲར་ཞིབ་ལ་ཆེར་རྩིང་། དགྲ་ལྷ་དྲག་པོ་དང་གཤིན་རྗེ་འགོ་ཞིང་ས་བདག་དང་ས་ཐེལ་གནོད། ཕ་མེས་མཛེ་དང་ས་བདག་ཀླུ་ནད་ཀྱིས་འཆི་བའམ། ཡང་ན་ཐབ་གཞོབ་ཀྱི་རྐྱེན་གྱིས་གྲིེར་འཆི་བས། རིམ་གྲོར་སྲུང་མའི་བསྐང་བཤགས་དང་། ཀླུ་དབང་རྒྱལ་པོའི་ཀླུ་འབུམ། ཀླུའི་བུམ་གཏེར་བཅས་བྱ་དགོས། རབས་ཆད་རྨང་འདྲེའི་ས་ཞེས་བྱ་བ་ཟིན་ཡིན་ན་བུ་ནོར་གྱི་དབང་ཐང་ཆེ། ཀླུ་བདུད་ཡུལ་བདག་འགོ་ཞིང་རྨང་འདྲེ་གནོད། ཕ་མེས་རབས་ཆད་དང་གྲིར་ཤི་མང་བས། རིམ་གྲོར་སྲུང་བའི་མདོ་གསུམ་དང་བརྒྱད་སྟོང་བ་འདོན་དགོས། རྦད་འདྲེ་ཀླུ་གཉན་ས་ཞེས་བྱ་བ་ཟོན་ཡིན་ན་ཕ་མེས་སློབ་དཔོན་དང་འགྲས་པའམ། ཡང་ན་རྦད་འདྲེ་གཏོང་བ་ཡོད། སྨན་འགོ་ཞིང་རྒྱལ་པོ་འགོང་བོ་གནོད། འགྲན་སེམས་ཆེ། ཀླུ་དང་ས་བདག་གི་གནོད་པས་སྨྱོ་འབོག་ལྕེབས་གྲིར་ཤི་བ་ཡོད། སེམས་ལས་དང་ངོ་སོ་གཉིས་ཀ་ཆེ། ཐ་མར་གློ་བུར་བའི་ནད་ཀྱིས་འཆི་བས། རིམ་གྲོར་བརྒྱ་བཞི་དང་། གཙུག་ཏོར་དཀར་ནག གཏོར་བཟློག་བཅས་བྱ་དགོས། དཔེར་ན་བརྩི་བྱ་རང་ལོ་བཅོ་ལྔར་སོན་དུས་དེར་མ་ལོ་ཞེ་ལྔ་ཡིན་པ་ཞིག་གི་སྐྱེས་སྤར་བཙལ་བར་ཆ་བཞག་ན། མ་ལོ་ཞེ་ལྔ་ལས་རང་ལོ་བཅོ་ལྔ་འཐེན་པའི་ལྷག་གྲངས་ཁར་གཅིག་བསྣན་ན་སོ་གཅིག་ཡིན་པས། ལོ་གྲངས་སོ་གཅིག་དེས་ཁམ་ནས་ཁེན་ཕྱོགས་ལ་བསྐོར་ན་འབབ་པའི་རང་བཙའ་ལོ་དེའི་མའི་བབས་སྤར་ཟིན་ནི་བརྩི་བྱ་དེ་ཉིད་ཀྱི་སྐྱེས་སྤར་ཡིན་པ་ལྟ་བུ་ཡིན།
Domain རྩིས་རིག

{{#arraymap:སྐྱེས་སྤར་

|; |@@@ | | }}