3259

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གདགས་པ་རྣམ་པར་གཞག་པ་རྣམ་པ་བཞི།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།

1.ཆོས་གདགས་པ་རྣམ་པར་གཞག་པ་ནི། མདོའི་སྡེ་ལ་སོགས་པ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་གོ་རིམ་བཞིན་དུ་སྦྱོར་བ་དང་། གོ་རིམ་བཞིན་དུ་རྣམ་པར་གཞག་ཅིང་བསྡེབས་པ་གང་ཡིན་པའོ། ། 2.བདེན་པ་གདགས་པ་རྣམ་པར་གཞུག་པ་ནི། དེ་ལ་རྣམ་པ་དུ་མ་ཡོད་དེ། ཕྱིན་ཅི་མ་ལོག་པའི་དོན་གྱིས་ནི་བདེན་པ་གཅིག་ཁོ་ན་སྟེ་གཉིས་སུ་མེད་དོ། ། བདེན་པ་རྣམ་པ་གཉིས་ནི། (1)ཀུན་རྫོབ་ཀྱི་བདེན་པ། (2)དོན་དམ་གྱི་བདེན་པའོ། ། བདེན་པ་རྣམ་པ་གསུམ་ནི། (1)མཚན་ཉིད་ཀྱི་བདེན་པ། (2)ངག་གི་བདེན་པ། (3)བྱ་བའི་བདེན་པའོ། ། བདེན་པ་རྣམ་པ་བཞི་ནི། (1)སྡུག་བསྔལ་གྱི་བདེན་པ། (2)ཀུན་འབྱུང་གི་བདེན་པ། (3)འགོག་པའི་བདེན་པ། (4)ལམ་གྱི་བདེན་པའོ། ། བདེན་པ་རྣམ་པ་ལྔ་ནི། (1)རྒྱུའི་བདེན་པ། (2)འབྲས་བུའི་བདེན་པ། (3)ཤེས་པའི་བདེན་པ། (4)ཤེས་བྱའི་བདེན་པ། (5)མཆོག་གི་བདེན་པའོ། ། བདེན་པ་རྣམ་པ་དྲུག་ནི། (1)བདེན་པའི་བདེན་པ། (2)བརྫུན་པའི་བདེན་པ། (3)ཡོངས་སུ་ཤེས་པར་བྱ་བའི་བདེན་པ། (4)སྤང་བར་བྱ་བའི་བདེན་པ། (5)མངོན་སུམ་དུ་བྱ་བའི་བདེན་པ། (6)བསྒོམ་པར་བྱ་བའི་བདེན་པའོ། ། བདེན་པ་རྣམ་པ་བདུན་ནི། (1)རོ་མྱོང་བའི་བདེན་པ། (2)ཉེས་དམིགས་ཀྱི་བདེན་པ། (3)ངེས་པར་འབྱུང་བའི་བདེན་པ། (4)ཆོས་ཉིད་ཀྱི་བདེན་པ། (5)མོས་པའི་བདེན་པ། (6)འཕགས་པ་རྣམས་ཀྱི་བདེན་པ། (7)འཕགས་པ་མ་ཡིན་པ་རྣམས་ཀྱི་བདེན་པའོ། ། བདེན་པ་རྣམ་པ་བརྒྱད་ནི། (1)འདུ་བྱེད་ཀྱི་སྡུག་བསྔལ་གྱི་བདེན་པ། (2)འགྱུར་བའི་སྡུག་བསྔལ་གྱི་བདེན་པ། (3)སྡུག་བསྔལ་གྱི་སྡུག་བསྔལ་གྱི་བདེན་པ། (4)འཇུག་པའི་བདེན་པ། (5)ལྡོག་པའི་བདེན་པ། (6)ཀུན་ནས་ཉོན་མོངས་པའི་བདེན་པ། (7)རྣམ་པར་བྱང་བའི་བདེན་པ། (8)ཡང་དག་པའི་སྦྱོང་བའི་བདེན་པའོ། ། བདེན་པ་རྣམ་པ་དགུ་ནི། (1)མི་རྟག་པའི་བདེན་པ། (2)སྡུག་བསྔལ་བའི་བདེན་པ། (3)སྟོང་པའི་བདེན་པ། (4)བདག་མེད་པའི་བདེན་པ། (5)འབྱུང་བ་ལ་སྲེད་པའི་བདེན་པ། (6)འཇིག་པ་ལ་སྲེད་པའི་བདེན་པ། (7)དེ་སྤང་བའི་ཐབས་ཀྱི་བདེན་པ། (8)ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་བདེན་པ། (9)ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བདེན་པའོ། ། བདེན་པ་རྣམ་པ་བཅུ་ནི། (1)གནོད་པ་ལས་བྱུང་བའི་སྡུག་བསྔལ་གྱི་བདེན་པ། (2)ལོངས་སྤྱོད་དང་མི་ལྡན་པའི་སྡུག་བསྔལ་གྱི་བདེན་པ། (3)ཁམས་སྙོམས་པའི་སྡུག་བསྔལ་གྱི་བདེན་པ། (4)སྡུག་པ་འགྱུར་བའི་སྡུག་བསྔལ་གྱི་བདེན་པ། (5)གནས་ངན་ལེན་གྱི་སྡུག་བསྔལ་གྱི་བདེན་པ། (6)ལས་ཀྱི་བདེན་པ། (7)ཉོན་མོངས་པའི་བདེན་པ། (8)ཐོས་པ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བདེན་པ། (9)ཡང་དག་པའི་ལྟ་བའི་བདེན་པ། (10)ཡང་དག་པའི་ལྟ་བའི་འབྲས་བུའི་བདེན་པའོ། ། 3.རིག་པ་གདགས་པ་རྣམ་པར་གཞག་པ་ནི། དེ་དག་གི་རབ་ཏུ་དབྱེ་བ་ཡང་སྔ་མ་བཞིན་དུ་རིག་པར་བྱའོ། ། 4.ཐེག་པ་གདགས་པ་རྣམ་པར་གཞག་པ་ནི། ཐེག་པ་གསུམ་པོ་དག་ལས་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་དག་ནི་རེ་རེ་ཡང་རྣམ་པ་བདུན་བདུན་གྱི་གདགས་པ་རྣམ་པར་གཞག་པ་དེ་ཡང་། ཉན་ཐོས་ཀྱི་གདགས་པ་རྣམ་པར་གཞག་པ་བདུན་ནི། ། (1)འཕགས་པའི་བདེན་པ་བཞི་པོ་དག་ལས་ཤེས་རབ་གང་ཡིན་པ། (2)ཤེས་རབ་དེ་ཉིད་ཀྱི་རྟེན་གང་ཡིན་པ། (3)དམིགས་པ་གང་ཡིན་པ། (4)གྲོགས་གང་ཡིན་པ། (5)ལས་གང་ཡིན་པ། (6)ཚོགས་གང་ཡིན་པ། (7)ཤེས་རབ་དེ་ཉིད་ཀྱི་འབྲས་བུ་གང་ཡིན་པའོ། ། ཉན་ཐོས་ཀྱི་ཐེག་པ་གདགས་པ་ཇི་ལྟ་བ་བཞིན་དུ་རང་སངས་རྒྱས་ཀྱི་ཐེག་པ་གདགས་པ་རྣམ་པར་གཞག་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ། ། ཐེག་པ་ཆེན་པོའི་གདགས་པ་རྣམ་པར་གཞག་པ་བདུན་ནི། (1)བརྗོད་དུ་མེད་པའི་དངོས་པོ་ལ་དམིགས་པར་བྱས་ནས། ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རྣམ་པར་མི་རྟོག་པ་མཉམ་པ་ཉིད་ལས་བྱུང་བའི་ཤེས་རབ་གང་ཡིན་པ། (2)ཤེས་རབ་དེ་ཉིད་ཀྱི་རྟེན་གང་ཡིན་པ། (3)དམིགས་པ་གང་ཡིན་པ། (4)གྲོགས་གང་ཡིན་པ། (5)ལས་གང་ཡིན་པ། (6)ཚོགས་གང་ཡིན་པ། (7)ཤེས་རབ་དེ་ཉིད་ཀྱི་འབྲས་བུ་གང་ཡིན་པའོ། ། ཆིས་དུས་དག་ན། བྱང་ཆུབ་སེམས་དཔའ་གང་ཡང་རུང་བ་དེ་དག་ཐམས་ཅད་ཀྱིས་དངོས་པོ་བཞི་པོ་འདི་དག་གིས་ཡང་དག་པར་གདགས་པ་རྣམ་པར་གཞག་པར་རིག་པར་བྱས་ཤིང་བྱེད་པར་འགྱུར་ལ་བྱེད་དེ། འདི་ལས་ལྷག་པ་ཡང་མེད་དོ། ། འདི་ལས་གོང་ན་ཡང་མེད་དོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཝི་པ་》ཤ་153ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number