8594
Tibetan | ཚུལ་ཁྲིམས་རྣམ་པ་དགུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།
1. ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ནི། ཡོན་ཏན་རྣམ་པ་བཞི་པོ་སྟེ། (1)ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པ། (2)བསམ་པ་ཤིན་ཏུ་རྣམ་པར་དག་པར། (3)ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པ། (4)མི་ཉམས་པར་བྱ་བའི་ཕྱིར་གུས་པ་བསྐྱེད་དེ་དྲན་པ་ཉེ་བར་གནས་པ་དང་ལྡན་པའི་སྡོམ་པའོ། ། 2. ཚུལ་ཁྲིམས་ཐམས་ཅད་ནི། རྣམ་པ་གཉིས་ཏེ། (1)ཁྱིམ་པའི་ཕྱོགས་སུ་གཏོགས་པའི་ཚུལ་ཁྲིམས། (2)རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པའི་ཚུལ་ཁྲིམས་སོ། ། དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། (1)སྡོམ་པའི་ཚུལ་ཁྲིམས། (2)དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས། (3)སེམས་ཅན་གྱི་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། ། 3. དཀའ་བའི་ཚུལ་ཁྲིམས་ནི། རྣམ་པ་གསུམ་སྟེ། (1)བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཆེ་ལ་དབང་ཕྱུག་ལ་དབང་བྱེད་ཅིང་འདུན་པ་ལས་དེ་སྤངས་ནས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པ། (2)ཚུལ་ཁྲིམས་བླངས་ནས་ཉམ་ཐག་སྟེ་སྲོག་ལ་ཐུག་ཀྱང་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་ཉམས་པར་མི་བྱེད་ཅིང་། མེད་པར་མི་བྱེད་པ། (3)ཇི་སྲིད་འཚོའི་བར་དུ་ཅི་ནས་ཉེས་པ་ཕྲ་རབ་ཀྱང་མི་འབྱུང་ན། ལྕི་ལ་ལྷ་འབྱུང་བར་ག་ལ་འགྱུར་བ་དེ་ལྟར་སྤྱོད་པ་དང་། གནས་པ་དང་། ཡིད་ལ་བྱེད་པ་ཐམས་ཅད་ལ་དྲན་པ་ཉེ་བར་གནས་ཤིང་བག་ཡོད་པ་ཡིན་ནོ། ། 4. ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་ནི། རྣམ་པ་བཞི་སྟེ། (1)ཚུལ་ཁྲིམས་ཡང་དག་པར་བླངས་པ། (2)རང་བཞིན་གྱི་ཚུལ་ཁྲིམས། (3)ཚུལ་ཁྲིམས་ལ་གོམས་པ། (4)ཐབས་དང་ལྡན་པའི་ཚུལ་ཁྲིམས་སོ། ། 5. སྐྱེས་བུ་དམ་པའི་ཚུལ་ཁྲིམས་ནི། རྣམ་པ་ལྔ་སྟེ། (1)བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱང་ཁྲིམས་དང་ལྡན་པ། (2)གཞན་དག་ཀྱང་ཚུལ་ཁྲིམས་ཡང་དག་པར་ལེན་དུ་པ་འཇུག་པ། (3)ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་པ། (4)ཆོས་མཐུན་པ་མཐོང་ན་ཡང་དགའ་བར་འགྱུར་བ། (5)ཉེས་པར་གྱུར་ན་ཆོས་བཞིན་དུ་འཆོས་པའོ། ། 6. རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། ཡོན་ཏན་རྣམ་པ་དྲུག་དང་རྣམ་པ་བདུན་ཏེ་བསྡོམས་པས་བཅུ་གསུམ་སྟེ། དེ་ལ་ཡོན་ཏན་རྣམ་པ་དྲུག་ནི། (1)རྒྱ་ཆེ་བ། (2)ཁ་ན་མ་ཐོ་བ་མེད་པ། (3)རབ་ཏུ་དགའ་བའི་གནས་དང་མཐུན་པ། (4)རྟག་ཏུ་བྱེད་པ། (5)བརྟན་པ། (6)ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་པའོ། ། རྣམ་པ་བདུན་ནི། (1)ལྡོག་པའི་ཚུལ་ཁྲིམས། (2)འཇུག་པའི་ཚུལ་ཁྲིམས། (3)ཀུན་ནས་བསྲུང་བའི་ཚུལ་ཁྲིམས། (4)སྐྱེས་བུ་ཆེན་པོའི་མཚན་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས། (5)ལྷག་པའི་སེམས་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས། (6)སྡུག་པའི་འགྲོ་བ་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས། (7)སེམས་ཅན་གྱི་དོན་རྣམ་པར་སྨིན་པར་བྱེད་པའི་ཚུལ་ཁྲིམས་སོ། ། 7. ཕོངས་ཤིང་འདོད་པ་ལ་ཚུལ་ཁྲིམས་ནི། རྣམ་པ་བརྒྱད་དེ། (1)གསད་པ། (2)མ་བྱིན་པར་ལེན་པ། (3)འདོད་པས་ལོག་པར་གཡེམ་པ། (4)བརྫུན་སྨྲ་བ། (5)ཕྲ་མ། (6)ངག་རྩུབ་མོ། (7)ངག་འཁྱལ་པ། (8)བོང་བ་དང་། ལྕག་ལ་སོགས་པས་རྣམ་པར་འཚེ་བ་དང་། བདག་ཉིད་ལ་གཞན་གྱིས་བྱས་ན་དེས་བདག་ཉིད་ཕོངས་ཤིང་དེའི་གཉེན་པོ་འདོད་པ་བཞིན་དུ་བདག་གིས་གཞན་དག་ལ་བྱས་ན་ཡང་དེས་གཞན་དག་ཕོངས་ཤིང་དེའི་གཉེན་པོ་འདོན་པར་འགྱུར་རོ་སྙམ་དུ་སོ་སོར་བརྟགས་ནས་ཉེས་པ་དེ་བརྒྱད་ཀུན་ཏུ་མི་སྤྱོད་པའོ། ། 8. འདི་དང་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་ནི། རྣམ་པ་དགུ་སྟེ། (1)བྱང་ཆུབ་སེམས་དཔའ་སེམས་ཅན་དགག་པར་བྱ་བའི་གནས་སུ་འགྱུར་བ་རྣམས་འགོག་པར་བྱེད་པ། (2)གནང་བར་བྱ་བའི་གནས་སུ་འགྱུར་བ་རྣམས་གནང་བར་བྱེད་པ། (3)བསྡུ་བར་བྱ་བ་རྣམས་སྡུད་པར་བྱེད་པ། (4)ཚར་གཅོད་པར་བྱེད་པ་རྣམས་ཚར་གཅོད་པར་བྱེད་པ། (5)སྦྱིན་པ་དང་ལྡན་པའི་ཚུལ་ཁྲིམས། (6)བཟོད་པ་དང་ལྡན་པའི་ཚུལ་ཁྲིམས། (7)བརྩོན་འགྲུས་དང་ལྡན་པའི་ཚུལ་ཁྲིམས། (8)བསམ་གཏན་དང་ལྡན་པའི་ཚུལ་ཁྲིམས། (9)ཤེས་རབ་དང་ལྡན་པའི་ཚུལ་ཁྲིམས་སོ། ། 9. རྣམ་པར་དག་པའི་ཚུལ་ཁྲིམས་ནི། རྣམ་པ་བཅུ་སྟེ། (1)དང་པོ་ཉིད་ནས་ཚུལ་ཁྲིམས་ལེགས་པར་བླངས་པ། (2)ཧ་ཅང་ཞུམ་པ་མ་ཡིན་པ། (3)ཧ་ཅང་ཐལ་བ་མ་ཡིན་པ། (4)བག་ཡོད་པས་ཡོངས་སུ་ཟིན་པ། ། (5)སྨོན་ལམ་ལེགས་པར་བཏབ་པ། (6)ཆོ་ག་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ། (7)འཚོ་བ་ཕུན་སུམ་ཚོགས་པས་ཡོངས་སུ་ཟིན་པ། (8)མཐའ་གཉིས་རྣམ་པར་སྤངས་པ། (9)ངེས་པར་འབྱེད་པ། (10)ཡོངས་སུ་མི་ཉམས་པའོ། ། |
Tibetan Source | 《བསྟན་འགྱུར་སྣ་ཚོགས་ཆོ་པ་》ཤ་277ན་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |