9002
Tibetan | ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པ་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་ཉི་ཤུ་པ་རྫོགས་ཆེན་ཨ་ཏིའི་ལྟ་བ་གཏན་ལ་ཕབ་པའི་སྐོར་ལས་བྱུང་བ་སྟེ།
1. ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ཡང་ལྷུན་གྱིས་གྲུབ་པ་ཡིན་ནོ་ཞེས་བསྟན་པ་ནི། ཐེག་པའི་ཡང་རྩེ་ཨ་ཏི་རི་རྒྱལ་འདྲ། ། རིའི་རྒྱལ་པོ་ནི་གླིང་བཞི་པའི་དབུས་ན་མཆོག་ཏུ་འཕགས་པ་ལྟར་ཨ་ཏི་རྡོ་རྗེ་སྙིང་པོའི་ཐེག་པ་ཡང་ཀུན་ལས་འཕགས་པའི་ཡང་རྩེར་བཤད་དེ། རང་ཤར་ལས། ལྟ་བ་ཀུན་གྱི་ཡང་རྩེ་ནི། ། ཨ་ཏི་རྫོགས་པ་ཆེན་པོར་བཤད། ། ཅེས་སོ། ། 2. ཀུན་གྱི་རྩེ་མོར་བསྟན་པའི་དཔེ་ནི། ཨ་ཏིས་ཀུན་མཐོང་ཀུན་གྱིས་འདི་མི་མཐོང་། ། རིའི་རྩེ་མོ་ནས་དམའ་བའི་ལུང་པ་རྣམས་དུས་གཅིག་ལ་མཐོང་ཡང་། ལུང་པ་ནས་རི་རྩེའི་སྤྱི་བོ་རང་ས་ན་གསལ་བར་མི་མཐོང་པ་བཞིན་དུ། ཐེག་པ་འོག་མའི་དོན་རྣམས་འདི་ནས་དུས་མཉམ་དུ་མཐོང་ལ། འདིའི་དོན་འོག་མས་མཐོང་བ་མེད་དེ་མཐོ་དམན་འཛོལ་བའི་ཕྱིར་རོ། ། གསང་འདུས་སུ། དེ་ཕྱིར་རྩེ་མོར་གྱུར་པའི་རྩེ། ། ཞེས་བཤད་པ་ལྟ་བུའོ། ། 3. གོང་འོག་གི་ཁྱད་དང་ཆེ་བ་གཞན་ཡང་བཤད་པ་ནི། ནོར་བུ་དངོས་དང་བཅོས་ཁྱད་འདོད་དོན་རྟོག ། ཡིད་བཞིན་གྱི་ནོར་བུ་ལ་གསོལ་བ་བཏབ་ན་འདོད་དགུ་འབྱུང་བ་དེ་ཡང་སྐལ་བ་ཅན་གྱི་སྤྱོད་ཡུལ་ཡིན་པ་ལྟར། རང་བྱུང་ཡེ་ཤེས་ལ་ཡོན་ཏན་ལྷུན་གྲུབ་ཏུ་རྟོགས་ནས་རྩོལ་མེད་ལྷུག་པར་འཇོག་པའང་ཡང་རབ་ཀྱི་ཡུལ་ཡིན་ནོ། ། ནོར་བུ་ལ་དོན་ཀུན་འབྱུང་བ་དེ་ལ་སྨོན་པས་ཁ་ཅིག་ཤིང་གི་ནོར་བུའི་གཟུགས་ལ་གསོལ་བ་འདེབས་ན་དོན་མི་འགྲུབ་པ་ལྟར་ཐེག་པ་འོག་མའི་རྩོལ་སྒྲུབ་ལས་སངས་རྒྱས་འདོད་པ་ཡང་དེ་དང་འདྲ་སྟེ། ཚི་ཆད་ཅིང་ངལ་བ་ལས་གཞན་མེད་པར་བསྟན་ཏེ། ཀུན་བྱེད་ལས། བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། ། ཚི་ཆད་པ་ཡི་ནང་དུ་དེ་ལས་མེད། ། ཅེས་སོ། ། 4. ད་ནི་རིག་པ་བྱ་རྩོལ་མེད་པའི་སྐུ་གསུམ་དུ་བསྟན་པ་ལས། ཆོས་སྐུ་རང་བབས་ཀྱི་དགོངས་པ་ནི། རིག་པ་ཆོས་སྐུ་ཇི་བཞིན་བཞག་པས་འགྲུབ། ། རིག་པའི་ངོ་བོ་སྟོང་གསལ་སྤྲོས་པ་དང་བྲལ་བ་དེ་ཆོས་སྐུའི་དོན་ཏེ། སེམས་ཉིད་རང་བབས་སུ་རྟོགས་པ་འགའི་ཡུལ་དུ་མཐོང་བ་ལས་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། མཐའ་བྲལ་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེ་དབྱིངས་ཀྱི་ངོ་བོ་ཡིན་པའི་ཕྱིར། སེང་གེ་རྩལ་རྫོགས་ལས། ཆོས་སྐུ་རྟོག་མེད་ཀུན་ཏུ་བཟང་མོ་ངས། ། རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། ། སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། ། རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། ། ཅེས་སོ། ། 5. ལོངས་སྐུ་རང་བབས་ཀྱི་དགོངས་པ་ནི། རང་གསལ་ལོངས་སྐུ་བྱ་བཙལ་བྲལ་ན་མངོན། ། རིག་པ་རང་གསལ་ལོངས་སྐུའི་རང་བཞིན་དེ་སྣང་ཡུལ་མ་འགགས་པར་ཤར་དུས་འཛིན་པ་མ་ཞུགས་པར་ས་ལེ་བའི་དུས་ན་ལེགས་པར་གསལ་ཏེ། རྩལ་རྫོགས་ལས། ལོངས་སྐུའི་ཡེ་ཤེས་རྒྱ་ཆེ་རྣམ་པར་རོལ། ། རང་གསལ་བྱ་བྱེད་མེད་པ་ལྷུན་གྲུབ་ཡིན། ། ཞེས་སོ། ། 6. སྤྲུལ་སྐུའི་དགོངས་པ་ནི། རོལ་པ་སྤྲུལ་སྐུ་རང་སངས་བཞག་ན་གསལ། ། རིག་པ་རང་གནས་ཀྱི་ངང་ལས་འཆར་འཆར་འདྲ་བའི་ཆ་ཟང་མ་རྗེན་པ་དེ་སྤྲུལ་པའི་སྐུ་སྟེ། ཡོན་ཏན་དང་ཕྲིན་ལས་སུ་ཡེ་ནས་ཤར་ས། སྤང་བླང་དང་བྱ་བཙལ་མེད་པའི་ངང་འདི་སྤྱན་དང་མངོན་ཤེས་ལ་སོགས་པའི་གཟུགས་བརྙན་འཆར་བ་ནི་ཆུ་རྙོག་སངས་པ་ལས། དྭངས་པའི་གཟུགས་བརྙན་གསལ་བ་བཞིན་ཏེ། ཀུན་བྱེད་ལས། རྒྱ་མཚོ་བཞིན་དུ་ཡེ་གནས་ལ། ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། ། ཡོན་ཏན་ནམ་མཁའི་མཐའ་དང་མཉམ། ། བསྡུ་བའི་གནས་སུ་ངེས་པ་མེད། ། བྱང་ཆུབ་སྙིང་པོར་དེ་མ་ཐག ། ཏིང་འཛིན་རྒྱལ་པོ་ཆེན་པོ་འབྱུང་། ། སྣང་བ་རྒྱ་མཚོ་ཆེན་པོ་བཞིན། ། མི་རྟོག་ནམ་མཁའི་མཐའ་ལྟར་ཡངས། ། ཞེས་སོ། ། 7. དེ་ལྟར་སྐུ་གསུམ་གྱི་དགོངས་པ་བྱ་བཙལ་ལས་འདས་པའི་དབྱིངས་གཅིག་བསྟན་པ་ནི། གདོད་ནས་ལྷུན་གྲུབ་སྐུ་ལ་རྩོལ་སྒྲུབ་བྲལ། ། སེམས་ཉིད་ཇི་བཞིན་པ་ཆོས་སྐུའི་ངོ་བོ་རང་ཆས་སུ་གྲུབ་ཟིན་པ་རྩོལ་སྒྲུབ་བྱ་མི་དགོས་པར་གདམས་པ་ནི། ཀུན་བྱེད་ལས། ཐམས་ཅད་བྱང་ཆུབ་སེམས་ཡིན་ཡིད་ཀྱང་ཆེས། ། བྱང་ཆུབ་སེམས་ཡིན་ཡེ་ནས་ཡིད་ཆེས་པས། ། སེམས་ལ་བཙལ་མེད་ཆོས་སྐུར་ཡིད་ཆེས་ཀྱང་། ། རྩོལ་མེད་ཆོས་སྐུར་ཡེ་ནས་ཡིད་ཆེས་པས། ། མི་རྩོལ་བདེ་བ་ཆེན་པོའི་ངང་ལ་གནས། ། ཞེས་སོ། ། 8. ཆོས་སྐུ་སེམས་ཉིད་ལས་གཞན་ན་མེད་པ་ནི། ཆོས་སྐུ་རིག་པ་འགྱུར་མེད་ཀུན་ལ་ཡོད། ། སངས་རྒྱས་ཆོས་ཀྱི་སྐུ་བརྙེས་པ་དེ་ཡང་རིག་པའི་ངོ་བོ་བཅོས་བསླད་མེད་པ་མངོན་དུ་གྱུར་པ་ལས་གཞན་མེད་ལ་རིག་པ་ནི་འཕོ་འགྱུར་མེད་པར་ཐམས་ཅད་ལ་ཡོད་པའི་ཕྱིར། རང་གི་རིག་པ་མ་བཅོས་ལྷུན་གྲུབ་ཏུ་བཞག་པར་གདམས་ཏེ། མུ་ཏིག་ཕྲེང་བ་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། ། ཅེས་སོ། ། 9. འཁོར་བའི་སེམས་ཉིད་ཆོས་སྐུར་གྲུབ་པས་སྤང་མི་དགོས་པར་བསྟན་པ་ནི། འགྲོ་བའི་སེམས་ཉིད་ཆོས་སྐུ་རྩོལ་སྒྲུབ་མེད། ། སེམས་ཅན་ཞེས་པའང་རིག་པའི་ངང་ལས་གཞན་མེད་ལ། རིག་པ་དེ་ཉིད་འཁོར་འདས་ལ་དབྱེར་མེད་དུ་ཡོད་པའི་ཕྱིར་གཞན་ནས་རྩོལ་སྒྲུབ་བྱེད་མི་དགོས་ཏེ། རང་ཤར་ལས། སེམས་ཅན་རིག་པ་སངས་རྒྱས་དངོས། ། ཞེས་སོ། ། 10 .ལྷུན་གྲུབ་དབང་གི་ཆུ་བོ་རིག་པའི་ངང་དུ་ཡེ་ནས་རྫོགས་པར་བསྟན་པ་ནི། སྐུ་གསུམ་ལྷུན་གྲུབ་རང་བྱུང་དབང་ཆེན་རྫོགས། ། ཡེ་ནས་རིག་པ་སྐུ་གསུམ་ལྷུན་གྲུབ་ཀྱི་ངོ་བོར་རྫོགས་པ་རང་བྱུང་གི་ཡེ་ཤེས་སུ་གྲུབ་ཟིན་པས། ད་འབད་རྩོལ་དང་རྫས་ཀྱི་དབང་ལ་རག་མི་ལས་ཏེ། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ཆེན་པོའི་དབང་། ། གཞི་ལ་དེ་བཞིན་གནས་པའོ། ། ཞེས་སོ། ། དེའང་རིག་པའི་ངོ་བོ་གང་དུའང་མ་གྲུབ་པའི་ངོས་ནས་དབང་དང་བསྐྱེད་རྫོགས་ལ་སོགས་པ་མེད་པར་ཐག་མ་བཅད་ན། ལྟ་བའི་ཕུ་ཐག་མ་ཆོད་པས་འཁོར་འདས་དང་བླང་དོར་དང་བྱ་བྱེད་དང་ལྟ་སྒོམ་ལ་སོགས་པ་ཐམས་ཅད་ཡུལ་མེད་ན་ནམ་མཁའ་ལྟར་རིག་པའི་སྟེང་དུ་ད་ལྟ་ཉིད་ནས་རྟོགས་པར་བྱ་སྟེ། མུ་ཏིག་ཕྲེང་བ་ལས། གཉིས་ནི་གཞི་གཅིག་ཁྱད་པར་ལས། ། སྤྲོས་མེད་ཉག་གཅིག་དགོངས་པར་གནས། ། བདེ་ཆེན་ཐིག་ལེའི་རང་བཞིན་ཅན། ། སངས་རྒྱས་ཀུན་གྱི་དཀྱིལ་འཁོར་གཅིག ། ངོ་བོ་ཉིད་ནི་ཀ་དག་པས། ། རང་བཞིན་ཉིད་ལ་ལྷུན་གྲུབ་བོ། ས་དང་ཕྱོགས་དང་རིས་ལས་འདས། ། ཡོད་དང་མེད་དང་ལྟར་སྣང་མེད། ། སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། ། ཞེས་དང་། དེ་ཉིད་ལས། ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། ། སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། ། དེ་ཉིད་གནོད་དང་ཕན་འབྲས་བྲལ། ། ཐོས་དང་བསམ་དང་བསྒོམ་པས་ནི། ། མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང་། ། དེ་ལ་དཀྱིལ་འཁོར་ཡོད་པ་མིན། ། ལྷ་མེད་བསྐྱེད་པའི་ས་བོན་མེད། ། སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། ། མཆོད་པ་ལ་སོགས་སྤྲོས་མི་དགོས། དབང་དང་དམ་ཚིག་ག་ལ་ཡོད། ། ཅེས་སོ། ། |
Tibetan Source | 《མདོ་རྒྱུད་མཛོད་མི་པ་》ཤ་139.15ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |