9148
Tibetan | རྣམ་པར་དག་པའི་བརྩོན་འགྲུས་རྣམ་པ་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་བརྩོན་འགྲུས་རྣམ་པ་བཅུ་སྟེ།
1. འཚམ་པའི་བརྩོན་འགྲུས་ནི། འདི་ལ་བྱང་ཆུབ་སེམས་དཔའ་ཉེ་བའི་ཉོན་མོངས་པ་གང་དང་གང་གིས་ཤིན་ཏུ་གནོད་པར་གྱུར་པའི་ཉེས་པའི་ཉོན་མོངས་པ་དེ་དང་དེ་སྤང་བའི་ཕྱིར་འཚམ་པའི་གཉེན་པོ་བསྟེན་ཏེ། འདོད་པ་ལ་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སྒོམ་པ་དང་། གནོད་སེམས་ཀྱི་གཉེན་པོར་བྱམས་པ་དང་། གཏི་མུག་གི་གཉེན་པོར་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་སྒོམ་པ་དང་། རྣམ་པར་རྟོག་པའི་གཉེན་པོར་དབུགས་དབྱུང་བ་དང་། རྔུབ་པ་དྲན་པ་དང་། ང་རྒྱལ་གྱི་གཉེན་པོར་ཁམས་རབ་ཏུ་དབྱེ་བ་སྒོམ་པ་དང་། དེ་ལྟ་བུ་དང་མཐུན་པ་རྣམས་ནི་བྱང་ཆུབ་སེམས་དཔའི་འཚམ་པའི་བརྩོན་འགྲུས་ཞེས་བྱའོ། ། 2. གོམས་པའི་བརྩོན་འགྲུས་ནི། གདམས་པ་དང་། རྗེས་སུ་བསྟན་པ་ལ་སེམས་གནས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལས་ཐོག་མ་པའི་བརྩོན་འགྲུས་དང་ལྡན་པ་མ་ཡིན་ཏེ། སྦྱོར་བ་གོམས་པ་ཡིན་ཞིང་། སྦྱོར་བ་འདྲེས་པ་འདི་ནི་བྱང་ཆུབ་སེམས་དཔའི་གོམས་པའི་བརྩོན་འགྲུས་ཞེས་བྱའོ། ། 3. མི་གཡེལ་བའི་བརྩོན་འགྲུས་ནི། བྱང་ཆུབ་སེམས་དཔའི་གདམས་པ་དང་། རྗེས་སུ་བསྟན་པ་ལ་སེམས་གནས་པ་ལས་བརྩམས་ཏེ། སྦྱོར་བ་གོམས་པ་མ་ཡིན་ཞིང་། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཉིད་ཡིན་བཞིན་དུ། རྟག་ཏུ་གུས་པར་སྦྱོར་བའི་ཕྱིར། སྦྱོར་བ་དེ་ལ་མི་གཡེལ་བར་སྦྱོར་བ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མི་གཡེལ་བའི་བརྩོན་འགྲུས་ཞེས་བྱའོ། ། 4. ལེགས་པར་ཟིན་པའི་བརྩོན་འགྲུས་ནི། བྱང་ཆུབ་སེམས་དཔའ་བླ་མ་རྣམས་ལས་སམ། བདག་ཉིད་ཀྱིས་མང་དུ་ཐོས་པའི་སྟོབས་བསྐྱེད་པས་ཕྱིན་ཅི་མ་ལོག་པར་ཟིན་པས་སེམས་གནས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་པ་འདི་ནི་བྱང་ཆུབ་སེམས་དཔའི་ལེགས་པར་ཟིན་པའི་བརྩོན་འགྲུས་ཞེས་བྱའོ། ། 5. དུས་སུ་གོམས་པར་བརྩོན་པའི་བརྩོན་འགྲུས་ནི། བྱང་ཆུབ་སེམས་དཔའ་དེ་ལྟར་ཕྱིན་ཅི་མ་ལོག་པར་ཟིན་པས་ཞི་གནས་ཀྱི་དུས་སུ་ནི་ཞི་གནས་སྒོམ་ལ། རབ་ཏུ་འཛིན་པའི་དུས་སུ་ནི་སེམས་རབ་ཏུ་འཛིན་ཅིང་། བཏང་སྙོམས་ཀྱི་དུས་སུ་ནི་བཏང་སྙོམས་སྒོམ་པ་འདི་ནི་དེའི་དུས་སུ་བརྩོན་པའི་བརྩོན་འགྲུས་ཞེས་བྱའོ། ། 6. མཚན་མ་རྟོགས་པ་དང་ལྡན་པའི་བརྩོན་འགྲུས་ནི། བྱང་ཆུབ་སེམས་དཔའ་ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མ་རྣམས་དང་ཏིང་ངེ་འཛིན་ལ་འཇུག་པ་དང་། ཏིང་ངེ་འཛིན་ལ་གནས་པ་དང་། ལྡང་བའི་མཚན་མ་རྣམས་ཤེས་པ་དང་། མི་བརྗེད་པ་དང་། རྟོགས་པར་བྱ་བའི་རྟག་ཏུ་བྱེད་ཅིང་། གུས་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་མཚན་མར་རྟོགས་པའི་བརྩོན་འགྲུས་ཞེས་བྱའོ། ། 7. ཞུམ་པ་མེད་པའི་བརྩོན་འགྲུས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྩོན་འགྲུས་རྩོམ་པ་མཆོག་ཏུ་རྒྱ་ཆེ་ཞིང་མཆོག་ཏུ་ཟབ་ལ། བསམ་གྱིས་མི་ཁྱབ་ཅིང་། དཔག་ཏུ་མེད་པ་དག་བསྟན་པ་ཐོས་ན། བདག་ཉིད་ལ་ཁྱད་དུ་མི་གསོད་ཅིང་། སེམས་ཞུམ་པར་ཡང་མི་བྱེད་ལ། ཁྱད་པར་དུ་ཐོབ་པ་ཆུང་ངུ་ཙམ་དང་། ངན་ངོན་ཙམ་གྱིས་ཀྱང་ཆོག་པར་མི་འཛིན་ཏེ། གོང་དུ་མི་འབད་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་ཞུམ་པ་མེད་པའི་བརྩོན་འགྲུས་ཞེས་བྱའོ། ། 8. མི་ལྡན་པ་མེད་པའི་བརྩོན་འགྲུས་ནི། བྱང་ཆུབ་སེམས་དཔའ་དུས་དུས་སུ་དབང་པོའི་སྒོ་རྣམས་སྲུང་ཞིང་། ཟས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་རྗེས་སུ་བརྩོན་པ་དང་། ཤེས་བཞིན་དུ་གནས་པ་དང་། དེ་ལྟ་བུ་དང་མཐུན་པའི་ཏིང་ངེ་འཛིན་གྱི་ཚོགས་རྣམས་ཡང་དག་པར་བླངས་ཏེ། འདུག་ཅིང་དེ་རྣམས་ལ་བརྩོན་པར་ཡང་བྱེད་ཅིང་ཕྱིན་ཅི་མ་ལོག་པའི་དོན་དང་ལྡན་པ་ཐམས་ཅད་ལ་འབད་པ་རྩོམ་པ་འདི་ནི་བྱང་ཆུབ་སེམས་དཔའི་མི་ལྡན་པ་མེད་པའི་བརྩོན་འགྲུས་ཞེས་བྱའོ། ། 9. སྙོམས་པའི་བརྩོན་འགྲུས་ནི། བྱང་ཆུབ་སེམས་དཔའ་ཧ་ཅང་ཡང་མི་ཞུམ། ཧ་ཅང་ཡང་བརྟུན་མི་ངས་པར་བརྩོན་འགྲུས་རྩོམ་སྟེ། སྦྱོར་བ་སྙོམས་པར་བྱེད་ཅིང་། བརྩམ་པར་བྱ་བ་ཐམས་ཅད་ལ་སྙོམས་པར་གུས་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་སྙོམས་པའི་བརྩོན་འགྲུས་ཞེས་བྱའོ། ། 10 .བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་བརྩོན་འགྲུས་ནི། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྩོམ་པ་མངོན་པར་འདུ་བྱེད་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོངས་སུ་བསྔོ་བའི་བརྩོན་འགྲུས་ཞེས་བྱའོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཝི་པ་》ཤ་109བ་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |