9345

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའི་སྟོབས་བཅུ།
Tibetan Alternate
Tibetan Definition འདི་ལ་ཁག་བཞི་ཡོད་པ་སྟེ།

ཁག་དང་པོ། འཕགས་པ་ཆོས་ཡང་དག་པར་སྡུད་པ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། 1. མོས་པའི་སྟོབས་ནི། བྱང་ཆུབ་སེམས་དཔའ་ནི་གང་དང་། གང་མོས་པ་དེའི་དེ་དེ་བཞིན་དུ་འགྱུར་རོ། ། དེའི་མོས་པའི་སྟོབས་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཟིལ་གྱིས་གནོན་མི་ནུས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མོས་པའི་སྟོབས་ཞེས་བྱའོ། ། 2. སོ་སོར་རྟོག་པའི་སྟོབས་ནི། བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་སྐྱེས་པ་མི་སྡུག་པ་བསྒོམ་པས་ཞི་བར་བྱེད་དོ། ། ཞེ་སྡང་སྐྱེས་པ་བྱམས་པ་བསྒོམ་པས་ཞི་བར་བྱེད་དོ། ། གཏི་མུག་སྐྱེས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པས་ཞི་བར་བྱེད་དོ། ། གཤེ་བ་དང་། མི་སྙན་པར་ཟེར་བ་རྣམས་ནི་བྲག་ཅ་དང་མཚུངས་པར་ཤེས་པ་ཡོངས་སུ་ཤེས་པས་ཞི་བར་བྱེད་དོ། ། གསོད་པ་དང་། འཆིང་བ་དང་། གོ་རར་འཇུག་པ་རྣམས་ནི་ལས་བདག་གིར་བྱ་བ་ཤེས་པས་ཞི་བར་བྱེད་དོ། ། ལུས་ལ་བསྡིགས་པ་དང་། ལུས་ལ་གནོད་པ་དང་། ལུས་ལ་ཉམ་ང་བ་རྣམས་ནི་གཟུགས་བརྙན་དང་མཚུངས་པར་ཤེས་པས་ཞི་བར་བྱེད་དོ། ། དེ་ལྟར་ཀུན་ནས་ཉོན་མོངས་པའི་སྒོ་ཇི་སྙེད་པ་རེ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་སྒོའང་དེ་སྙེད་དུ་མཐོང་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སོ་སོར་རྟོག་པའི་སྟོབས་ཞེས་བྱའོ། ། 3. བསྒོམ་པའི་སྟོབས་ནི། གང་མོས་པས་སྤྱོད་ཕའི་ས་དང་། མཐོང་བའི་ས་ལ་བར་དུ་གཅོད་པར་བྱེད་པའི་ཆོས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་ལ་བར་ཆད་བྱེད་མི་ནུས་སོ། ། དེས་མཐོང་བ་དེ་དང་། ལམ་དེ་ལས་ལྷར་བཅས་པའི་འཇིག་རྟེན་གྱིས་དབྲལ་བར་མི་ནུས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་བསྒོམ་པའི་སྟོབས་ཤེས་པའོ། ། 4. བཟོད་པའི་སྟོབས་ནི། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནི་སྦྱོས་ཀྱང་བྲག་ཅའི་སྒྲ་དང་མཚུངས་པར་ཤེས་པའི་སྟོབས་ཀྱིས་སླར་སྤྱོ་བར་མི་བྱེད་དེ། བསྡིགས་ཤིང་བརྡེགས་ཀྱང་གཟུགས་བརྙན་དང་མཚུངས་པ་ཉིད་དུ་ཤེས་པས་སླར་མི་སྡིགས་མི་རྡེག་གོ ། གཤེའང་སེམས་སྒྱུ་མ་དང་མཚུངས་པ་ཉིད་དུ་ཤེས་པའི་སྟོབས་ཀྱིས་སླར་མི་གཤེའོ། ། ཁྲོས་ཀྱང་ནང་རྣམ་པར་དག་པར་ཤེས་པའི་སྟོབས་ཀྱིས་སླར་མི་ཁྲོའོ། ། འཇིག་རྟེན་གྱི་ཆོས་རྣམ་པར་དག་པར་ཤེས་པའི་སྟོབས་ཀྱིས་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་སོ། ། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་དག་པར་ཤེས་པའི་སྟོབས་ཀྱིས་ཉོན་མོངས་པ་ཐམས་ཅད་ཀྱིས་མི་རྫིའོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་ནི་འཁྲུག་པའི་སྒོ་ཇི་སྙེད་མཐོང་བར་རབ་ཏུ་ཞི་བའི་སྒོའང་དེ་སྙེད་དུ་མཐོང་སྟེ། འདི་ནི་བཟོད་པའི་སྟོབས་ཞེས་བྱའོ། ། 5. ཡེ་ཤེས་ཀྱི་སྟོབས་ནི། བྱང་ཆུབ་སེམས་དཔས་གང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཤེས་པ་དེ་དག་ནི་སྟོང་པ། མ་སྐྱེས་པ། མ་འགགས་པའོ། ། ཡེ་ཤེས་གང་གིས་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པར་བསྒྲུབ་པ་དེ་ལས་མུ་སྟེགས་ཅན་དང་། དམིགས་པ་ཅན་ཐམས་ཅད་དང་། བདུད་ཐམས་ཅད་སངས་རྒྱས་ཀྱི་གཟུགས་སུ་གནས་པས་ཀྱང་ཡེ་ཤེས་དེ་ལ་ཐེ་ཚོམ་ཟ་བར་བྱེད་མི་ནུས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྟོབས་ཞེས་བྱའོ། ། 6. སྤོང་བའི་སྟོབས་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་གནས་གཅིག་ན་གནས་པའི་གན་དུ་སེམས་ཅན་ཐམས་ཅད་ལྷགས་ཏེ་ཁོ་ངན་ཟེར། མི་སྙན་པ་བརྗོད། ཚིག་བརླང་པ་རྩུབ་པོ་སྨྲ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་མི་བསྔགས་པ་བརྗོད་ཀྱང་དེ་སེམས་ཅན་དེ་དག་ལ་མི་འཁྲུག་ཅིང་ཡིད་མི་བདེ་བར་མི་འགྱུར་རོ། ། འགྱོད་པར་མི་འགྱུར་རོ། ། བག་ལ་ཉལ་བར་མི་བྱེད་དོ། ། ལུས་གཤེགས་བཏུབས་ཀྱང་དེ་བཞིན་དུ་བག་ལ་ཉལ་མི་སྐྱེད་དོ། ། སེམས་ཅན་དེ་དག་ཀྱང་དཀོན་མཆོག་གསུམ་ལ་རབ་ཏུ་འགོད་དེ། འདི་ནི་བྱང་ཆུབ་ སེམས་དཔའི་སྤོང་བའི་སྟོབས་ཞེས་བྱའོ། ། 7. ཐོས་པའི་སྟོབས་ནི། བྱང་ཆུབ་སེམས་དཔའ་ནི་མང་དུ་ཐོས་པ། ཐོས་པ་འཛིན་པ། ཐོས་པ་རྒྱ་མཚོ། ཐོས་པ་བསགས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ཐོས་པའི་སྟོབས་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། ། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཐེ་ཚོམ་བཟུང་སྟེ། བྱང་ཆུབ་སེམས་དཔའི་གན་དུ་ལྷགས་ནས་གང་སེམས་ཅན་གཅིག་གི་འདྲི་བ་དེ་བཞིན་དུ་གཞན་མི་འདྲི་བར་ཐམས་ཅད་ཀྱིས་ཐེ་ཚོམ་ཐ་དད་པར་ལྷན་ཅིག་ཏུ་དྲིས་ཀྱང་བྱང་ཆུབ་སེམས་དཔའ་ཐགས་ཐོགས་མེད་པར་ལྷན་ཅིག་ཏུ་ལན་འདེབས་སོ། ། བསྐལ་པ་བརྒྱ་སྟོང་དུ་དྲིས་ཀྱང་དེ་བཞིན་དུ་ལུང་སྟོན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཐོས་པའི་སྟོབས་ཞེས་བྱའོ། ། 8. སྤོབས་པའི་སྟོབས་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་ནང་དུ་ཆོས་སྟོན་ན། དེ་མི་སེམས་མི་རྟོག་པར་སེམས་ཅན་གང་དང་། གང་གི་འདོད་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཅིང་ཐོས་པར་བྱེད་ཀྱང་བྱང་ཆུབ་སེམས་དཔའི་ཆོས་སྟོན་པ་དེ་དོན་ཉམས་པར་མི་འགྱུར། ཚིག་འབྲུ་ཉམས་པར་མི་འགྱུར། ཚིག་ཟློས་པར་མི་འགྱུར། ཐོགས་པར་མི་འགྱུར། གཅོད་པར་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའི་སྤོབས་པའི་སྟོབས་ཞེས་བྱའོ། ། 9. བསོད་ནམས་ཀྱི་སྟོབས་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་ཤིང་དྲུང་ན་གནས་ཀྱང་རུང་། གཙུག་ལག་ཁང་ན་གནས་ཀྱང་རུང་། ཁྱིམ་སྟོང་པ་ན་གནས་ཀྱང་རུང་། བདུད་ཐམས་ཅད་འཁོར་དང་བཅས་ཏེ་ལྷགས་ནས་བགེགས་བྱ་བ་དང་། གཙེ་བའི་ཕྱིར་ནན་ཏན་བྱེད་ན། དེ་ལ་བདུད་དེ་དག་བདག་ཉིད་འཇིགས་སྐྲག་མྱོས་ཤིང་གྱེས་ཏེ། བདག་མགོན་མེད་པར་ཤེས་ནས་འབྲོས་པར་འགྱུར་རོ། ། གང་བདུད་དེ་དག་གི་རལ་གྲི་དང་། མཚོན་རྩེ་གཉིས་པ་དང་། མདུང་གསུམ་པ་དང་། རྡོ་བ་དང་། སྟ་རེ་འབབ་པ་དེ་དག་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་བྱིན་གྱི་རླབས་ཀྱིས་མནྡ་ར་བའི་མེ་ཏོག་དང་། ཙམ་པ་ཀ་དང་། སྣ་མའི་མེ་ཏོག་དང་། ཨུཏྤ་ལ་དང་། པདྨར་གྱུར་ནས་འབབ་བོ། ། གང་བདུད་དེ་དག་གི་ཚིག་རྩུབ་པོ་དང་། ཚིག་བརླང་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ལ་བསྟོད་པར་གྲག་གོ ། བྱང་ཆུབ་སེམས་དཔའ་ལ་ནི་ནམ་ཡང་ཡིད་དུ་མི་འོང་བའི་ཡུལ་དྲུག་སྣང་བར་མི་འགྱུར་རོ། བསམས་པ་ཙམ་གྱིས་དེའི་ཕུན་སུམ་ཚོགས་པ་ཐམས་ཅད་ནམ་མཁའ་ལས་འབྱུང་ངོ་། ། དེའང་དེའི་རང་གི་བསོད་ནམས་ཀྱི་དབང་གིས་ནམ་མཁའི་མཛོད་དང་། ལག་ན་རིན་པོ་ཆེ་ལས་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་སྟེ། སེམས་ཅན་ཐམས་ཅད་ཀྱི་འཚོ་བར་འགྱུར་རོ། ། དེའི་རང་གི་བསོད་ནམས་ཀྱི་དབང་ལག་ན་རིན་པོ་ཆེ་དེ་ནི་ཚེའི་ཚད་བསྐལ་པར་གནས་ཏེ་བརྗོད་ཀྱང་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་སྟོབས་ཀྱི་མཐའ་རྟོགས་པར་སླ་བ་མ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་སྟོབས་ཞེས་བྱའོ། ། 10 .སྒྲུབ་པའི་སྟོབས་ནི། བྱང་ཆུབ་སེམས་དཔའི་སྒྲུབ་པའི་སྟོབས་ནི་རྣམ་པ་བཅུ་སྟེ། (1)སྦྱིན་པ་སྒྲུབ་པ། (2)ཚུལ་ཁྲིམས་སྒྲུབ་པ། (3)བཟོད་པ་སྒྲུབ་པ། (4)བརྩོན་འགྲུས་སྒྲུབ་པ། (5)བསམ་གཏན་སྒྲུབ་པ། (6)ཤེས་རབ་སྒྲུབ་པ། (7)ཐབས་སྒྲུབ་པ། (8)སྨོན་ལམ་སྒྲུབ་པ། (9)སྟོབས་སྒྲུབ་པ། (10) ཡེ་ཤེས་སྒྲུབ་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྒྲུབ་པ་རྣམ་པ་བཅུ་ཞེས་བྱའོ། །

Tibetan Source 《མདོ་ཛ་པ་》ཤ་53བ་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number