9409
Tibetan | མི་དགེ་བ་བཅུའི་འབྲས་བུ། |
---|---|
Tibetan Alternate | |
Tibetan Definition | 1.སྲོག་གཅོད་པའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ། དབང་གི་འབྲས་བུ་ནི། ། སྲོག་བཅད་པས་ཚེ་ཐུང་ཞིང་ནད་མང་ལ་གསོད་འདོད་པ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། ། ཁ་ཟས་མི་བསོད་ཅིང་མཐུ་ཆུང་བ་སྐྱེ་བའི་ཡུལ་དང་ཕྲད་པ་ནི་དབང་གི་འབྲས་བུའོ། །
2. མ་བྱིན་པར་ལེན་པའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ། དབང་གི་འབྲས་བུ་ནི། མ་བྱིན་པར་བླངས་པས་དབུལ་པོར་གྱུར་ཅིང་རྐུ་འདོད་པ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། ། ཁ་ཟས་དང་ལོ་ཏོག་སད་སེར་ལ་སོགས་པས་འཕྲོག་ཅིང་ཁ་དོག་ངན་པར་སྐྱེ་བའི་ཡུལ་དང་ཕྲད་པ་ནི་དབང་གི་འབྲས་བུའོ། ། 3. འདོད་པས་ལོག་པར་གཡེམ་པའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ། དབང་གི་འབྲས་བུ་ནི། འདོད་པས་ལོག་པར་གཡེམ་པས་འཕྱོར་གཡེམ་ལ་སྲེད་ཅིང་ཆུང་མ་བྱི་བོ་དང་ཐུན་མོང་བ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། ། ཡུལ་ས་རྡུལ་དང་བྱེ་མ་ཅན་དུ་སྐྱེ་བ་ནི་དབང་གི་འབྲས་བུའོ། ། 4. བརྫུན་དུ་སྨྲ་བའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ། དབང་གི་འབྲས་བུ་ནི། བརྫུན་སྨྲས་པས་སྐུར་པ་འདེབས་པ་མང་ཞིང་བདག་ཉིད་བརྫུན་དང་སྐུར་པ་ལ་དགའ་བ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། ། ཁ་ཟས་དྲི་ང་བ་སྐྱེ་བའི་ཡུལ་དང་ཕྲད་པ་ནི་དབང་གི་འབྲས་བུའོ། ། 5. ཕྲ་མ་བྱས་པའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ། དབང་གི་འབྲས་བུ་ནི། ཕྲ་མ་བྱས་པས་གྲོགས་མི་རྙེད་ཅིང་། མཛའ་བ་དང་རྟག་ཏུ་འཁོན་ཞིང་དབྱེ་བ་ནི་རྒྱུ་མཐུན་པའི་འབྲས་བུའོ། ། ཡུལ་ངམ་གྲོག་དང་ཐག་ཐུག་ཅན་མི་བདེ་བར་སྐྱེ་བ་ནི་དབང་གི་འབྲས་བུའོ། ། 6. ངག་རྩུབ་པོའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ། དབང་གི་འབྲས་བུ་ནི། ངག་རྩུབ་པ་སྨྲས་པས་རྟག་ཏུ་ཚིག་མི་སྙན་པ་དང་། ཡིད་མི་དགའ་བར་འགྱུར་བའི་གཏམ་ཐོས་པ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། ། ས་གཞི་བ་ཚྭ་ཅན་འབྲུ་དང་ལོ་ཏོག་སྐྱེར་མི་རུང་ཞིང་ཁ་ཟས་དཀོན་པའི་ཡུལ་དུ་སྐྱེ་བ་ནི་དབང་གི་འབྲས་བུའོ། ། 7. ཚིག་འཁྱལ་པའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ། དབང་གི་འབྲས་བུ་ནི། ཚིག་འཁྱལ་པ་སྨྲས་པས་ཚིག་སྨྲས་སོ་ཅོག་མི་བཙུན་ཞིང་། ཅི་སྨྲས་ཀྱང་གཞན་གྱིས་མི་ཉན་པ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། ། དབྱར་དགུན་གྱི་དུས་འགྱུར་ཞིང་དགུན་ཁ་ཆར་འབབ་ལ། དབྱར་ཉི་ལྷག་ཆེ་ཞིང་ཆར་མ་འབབ་པ་ལྟ་བུའི་ཡུལ་དུ་སྐྱེ་བ་ནི་དབང་གི་འབྲས་བུའོ། ། 8. བརྣབ་སེམས་ཀྱི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ། དབང་གི་འབྲས་བུ་ནི། བརྣབ་སེམས་ཆེ་བས་མཐོང་ངོ་ཅོག་ལ་འདོད་ཆེན་བྱེད་ཅིང་ཆགས་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། ། འབྲུ་དང་ལོ་ཏོག་ཐམས་ཅད་ཕྲ་ཞིང་ཆུང་བའི་ཡུལ་དུ་སྐྱེ་བ་ནི་དབང་གི་འབྲས་བུའོ། ། 9. གནོད་སེམས་ཀྱི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ། དབང་གི་འབྲས་བུ་ནི། གནོད་སེམས་པས་རང་བཞིན་གྱི་ཁྲོ་གཏུམ་དང་ཞེ་སྡང་ཆེ་བ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། ། འབྲུ་དང་ལོ་ཏོག་ཁ་ལ་ཚ་ཞིང་དཀུ་བ་འཁྲུད་པའི་ཡུལ་དུ་སྐྱེ་བ་ནི་དབང་གི་འབྲས་བུའོ། ། 10 .ལོག་པར་ལྟ་བའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ། དབང་གི་འབྲས་བུ་ནི། ལོག་པར་ལྟ་བས་གཏི་མུག་ཆེ་སྟེ། ཤེས་རྒྱ་དང་དྲན་གསལ་མེད་པ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། ། ས་བོན་བཏབ་ཀྱང་ལོ་ཏོག་འཁྲུང་དུ་མི་བཏུབ་ལ་ཅུང་བ་ཟད་འཁྲུངས་ན་ཡང་འབྲས་བུ་མི་ཆགས་ཤིང་མི་སྨིན་པའི་ཡུལ་དུ་སྐྱེ་བ་ནི་དབང་གི་འབྲས་བུའོ། ། དེ་ཅིའི་ཕྱིར་འབྲས་བུ་གསུམ་དུ་འགྱུར་ཞེ་ན། སྡུག་བསྔལ་བར་བྱས་པ་དང་བསད་པ་དང་མདངས་མེད་པར་བྱས་པའི་ཕྱིར་རོ་ཞེས་སྨོས་ཏེ། སྲོག་གཅོད་པ་ནི་དང་པོ་ཉིད་དུ་ན་ཞིང་ཚ་བར་བྱས་པ་ནི་སྡུག་བསྔལ་བར་བྱས་པ་ཞེས་བྱ་སྟེ། དེའི་རྒྱུས་སེམས་ཅན་དམྱལ་བ་ལ་སོགས་པ་གནོད་པ་སྣ་ཚོགས་ཀྱི་གནས་སུ་སྐྱེས་པ་ནི་རྣམ་པར་སྨིན་པའི་འབྲས་བུའོ། ། དེ་ནས་བསད་པ་སྟེ། ཚེ་ཐུང་བར་བྱས་པས་ཐ་མ་མིར་སྐྱེས་ན་ཡང་ཚེ་ཐུང་ཞིང་ནད་མང་བ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ། ། བསད་པའི་ཚེ་ལུས་དང་སེམས་ཀྱི་གཟི་བྱིན་དང་མངའ་བྱད་མེད་པར་བྱས་པས་ནི་མདངས་མེད་པར་བྱས་པ་ཞེས་བྱ་སྟེ། དེས་ཁ་ཟས་ཀྱི་འབྲུ་འབྲས་ངན་ཞིང་མི་བསོད་པ་དང་ཡུལ་ངན་པར་སྐྱེ་བ་ནི་དབང་གི་འབྲས་བུ་སྟེ། མི་དགེ་བ་བཅུ་ཆར་ལ་ཡང་དེ་བཞིན་དུ་སྦྱར་རོ། ། |
Tibetan Source | 《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་》ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |