From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| རིགས་པ་བཞི
|
| Tibetan Definition
|
བལྟོས་པའི་རིགས་པ། བྱ་བ་བྱེད་པའི་རིགས་པ། འཐད་པའི་བསྒྲུབ་པའི་རིགས་པ། (འདི་ལ་ཚད་མའི་རིགས་པ་ཞེས་ཀྱང་བྱའོ། །སྡེ་དགེ་བསྟན་འགྱུར་༼ ཇོ་པ ༽༢༦༧ན༦ན་གསལ་ལོ) ཆོས་ཉིད་ཀྱི་རིགས་པ་དང་བཞིའོ། །དང་པོ་བལྟོས་པའི་རིགས་པ་ནི། འབྲས་བུ་རྣམས་འབྱུང་བ་རྒྱུ་དང་རྐྱེན་ལ་བལྟོས་པའོ། །བྱ་བ་བྱེད་པའི་རིགས་པ་ནི། མེས་བསྲེག་པའི་བྱ་བ་བྱེད་པ་སོགས་ཆོས་རྣམས་ཀྱིས་རང་རང་གི་བྱ་བ་བྱེད་པའོ། །འཐད་པས་བསྒྲུབ་པ་ནི། ཚད་མ་དང་མི་འགལ་བར་དོན་བསྒྲུབ་པའོ། །ཆོས་ཉིད་ཀྱི་རིགས་པ་ནི། མེའི་ཚ་བ་དང་ཆུ་རླན་པ་སོགས་ལ་དེ་དག་གི་ཆོས་ཉིད་དུ་འཇིག་རྟེན་ན་གྲགས་པའི་ཆོས་ཉིད་དང་བཞིའོ། །རྗེའི་ལམ་རིམ་ཆེན་མོ་ལ་གཞི་བྱས་ཏེ་བཀོད། རྗེ་ཙོང་ཁ་པ་ཆེན་པོའི་ཐོག་མཐའ་མ་ལས། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས། །ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས། །བསམ་བྱའི་གནས་ལ་བསམས་ལས་བྱུང་བ་ཡི། །རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག །ཅེས་གསུངས། དེ་ཡང་མེ་ལྟ་བུར་སྦྱར་ནས་བཤད་ན། (ལྟོས་གྲུབ་ཀྱི་རིགས་པ་ནི) མེ་འདི་རྒྱུ་རྐྱེན་ཅི་འདྲ་ཞིག་ལས་འབྱུང༌། (བྱ་བ་བྱེད་པའི་རིགས་པ་ནི) བྱ་བ་ཇི་ལྟར་བྱེད། (འཐད་སྒྲུབ་ཀྱི་རིགས་པ་ནི) དེ་ལྟར་བྱེད་པ་ལ་ལུང་རིགས་དང་འགལ་མི་འགལ། (ཆོས་ཉིད་ཀྱི་རིགས་པ་ནི) མེ་ཚ་བ་ཡིན་པ་དང་གྱེན་དུ་འབར་བ་ལ་རིགས་པ་གཞན་མི་སེམས་པར་དངོས་ཡོད་རང་འཇགས་འཇོག་པ་བཅས་ལ་རིགས་པ་བཞི་ཟེར་བ་ཡིན་འདྲའོ། །འདིའི་རིགས་པ་ཞེས་པ་རྒྱུ་མཚན་ལ་རིགས་པ་ཞེས་པ་ལྟ་བུར་གོ་རྒྱུ་མིན་པར། འཐད་ཅིང་འོས་པའི་དོན་དུ་གོ་དགོས། དེ་ཡང་མེ་ལྟ་བུ་རང་གི་རྒྱུ་རྐྱེན་ལ་ལྟོས་ནས་འབྱུང་བ་དེ་རིགས་པའམ་འཐད་པ་ཡིན་པ་ལྟ་བུའོ། །ཆོས་ཉིད་ཀྱི་རིགས་པ་ལ་ཕྱེ་ན། འཇིག་རྟེན་ན་གྲགས་པའི་ཆོས་ཉིད་ཀྱི་རིགས་པ། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱི་རིགས་པ། གནས་པའི་ཆོས་ཉིད་ཀྱི་རིགས་པ་དང་གསུམ་མོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། རིགས་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པ་དང༌། འཐད་པས་སྒྲུབ་པའི་རིགས་པ་དང༌། ཆོས་ཉིད་ཀྱི་རིགས་པའོ། །དེ་ལ་ལྟོས་པའི་རིགས་པ་ནི་འདུ་བྱེད་རྣམས་འབྱུང་བ་དང༌། རྗེས་སུ་ཐ་སྙད་གདགས་པའི་རྒྱུ་གང་དག་ཡིན་པ་དང༌། རྐྱེན་གང་དག་ཡིན་པ་སྟེ། དེ་ནི་ལྟོས་པའི་རིགས་པ་ཡིན་ནོ། །ཆོས་རྣམས་འཐོབ་པའམ། འགྲུབ་པའམ། སྐྱེས་པ་རྣམས་ལས་བྱེད་པར་འགྱུར་བའི་རྒྱུ་གང་དག་ཡིན་པ་དང༌། རྐྱེན་གང་དག་ཡིན་པ་དེ་ནི་བྱ་བ་བྱེད་པའི་རིགས་པ་ཡིན་ནོ། །སོ་སོའི་ཤེས་པ་དང༌། བཤད་པ་དང༌། སྨྲས་པའི་དོན་སྒྲུབ་པ་དང༌། ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་གང་དག་ཡིན་པ་དང༌། རྐྱེན་གང་དག་ཡིན་པ་དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ། །ཞེས་སོགས་ནས། དེ་ལ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང་སྟེ། ཆོས་གནས་པར་བྱ་བའི་ཕྱིར་ཆོས་ཉིད་དབྱིངས་གནས་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་ནོ། །ཞེས་སོགས་གསུངས་སོ། །ཡང་འདིའི་རིགས་པ་ཞེས་པ་སླུ་བར་མི་བྱེད་པ་ལ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༩༩བ༢ལས་བཤད་དོ། །རིགས་པ་བཞིའི་སྐོར་དེར་ཡང་བལྟ་བར་བྱའོ། །དེ་དག་གི་དོན་ནི་སོ་སོའི་ཐད་དུ་གཟིགས།
|