རྒྱལ་བ་དགོངས་བརྒྱུད་ལ་སྟོན་པས་གསུངས་ཚུལ་སོགས་གསུམ། |
1.སྟོན་པས་གསུངས་ཚུལ་ནི། རང་སྣང་རྣམ་དག་འོག་མིན་ཆོས་དབྱིངས་སུ། །ཀུན་ཏུ་བཟང་པོས་ཡེ་ཤེས་རྒྱ་མཚོ་ལ། ། འོད་གསལ་འདུས་མ་བྱས་པའི་དགོངས་པ་ནི། ། བསམ་མི་ཁྱབ་དུས་རང་བཞིན་སྣང་བར་མཛད། ། སྟོན་པ་ལ་ཆོས་སྐུ་གཟུགས་སྐུའི་རྣམ་གཞག་གཉིས་སུ་ཡོད་པ་ལས།
དང་པོ་ནི། ངོ་བོ་ཀ་ནས་དག་ཅིང་གློ་བུར་རང་སྣང་འཁྲུལ་བའི་དྲི་མ་གཞི་ཐོག་ཏུ་རྣམ་པར་དག་པ་ལ་འོག་མིན་ཅེས་སྒྲས་བཏགས་པའི་ཆོས་ཀྱི་དབྱིངས་སྙིང་པོ་བྱང་ཆུབ་ཀྱི་དཀྱིལ་འཁོར་རང་སྣང་བ་ཕྱོགས་བཅུའི་རྒྱུད་དུ་མི་གཏོགས་ཤིང་རྒྱ་ཚད་རིས་སུ་མ་ཆད་པའི་གནས་སུ་སྟོན་པ་རང་བྱུང་རིག་པའི་ངོ་བོ་ཆོས་ཉིད་བྱ་རྩོལ་ལས་འདས་པ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་འཁོར་འདས་ཀུན་གྱི་སྤྱི་དཔལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོས། འཁོར་གདངས་གསལ་མ་འགག་པར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྒྱ་མཚོ་ཅིར་ཡང་སྣང་བ་ལ། འཁོར་འདས་ཐམས་ཅད་ཡེ་ནས་མངོན་པར་བྱང་ཆུབ་པའི་ངོ་བོར་ལྷུན་གྱིས་གྲུབ་པའི་འོད་གསལ་ཟང་ཐལ་འདུས་མ་བྱས་པའི་དགོངས་པ། སྐྱེ་འགག་འཕོ་འགྱུར་མེད་པ་བསམ་གྱིས་མི་ཁྱབ་པའི་དུས་སུ་རང་བཞིན་གྱིས་སྣང་བར་མཛད་པ་སྟེ། འདི་ལྟར་ཆོས་སྐུའི་ཕུན་སུམ་ཚོགས་པ་ལྔ་ལྡན་ནི་དབྱིངས་སྟོང་པ་ངོ་བོ་ཉིད་གཞོན་ནུ་བུམ་པ་སྐུའི་ཡོན་ཏན་གྱི་ཆ་ལ་མིང་གིས་སྒྲོ་བཏགས་པ་ཙམ་ལས་མཚན་མར་བཟུང་བ་གང་ཡང་མ་མཆིས་སོ། ། སྣང་ཆར་སྟུག་པོ་བཀོད་པར་མཚན་རྫོགས་སྐུས། ། རང་སྣང་འཁོར་ལ་དུས་བཞི་མཉམ་ཉིད་དང་། ། རྫོགས་པ་ཆེན་པོ་མིང་ཚིག་རང་མཚན་ལས། ། འདས་པའི་གསུང་གིས་རྒྱུན་མི་འཆད་དུ་བགྲོ། །
གཉིས་པ་གཟུགས་སྐུ་རྣམས་ཀྱི་ཐོག་མར་རང་སྣང་ལོངས་སྐུ་ནི། ཆོས་སྐུའི་དབྱིངས་ལས་གཞི་སྣང་ཡེ་ཤེས་ཆེན་པོའི་སྣང་ཆར་རང་བྱུང་བའི་གནས་ལྷུན་གྲུབ་སྟུག་པོ་བཀོད་པར། སྟོན་པ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་མཚན་དཔེ་གསལ་རྫོགས་ཀྱི་སྐུར་ཤར་བས་རིགས་ལྔའི་ཚོམ་བུ་ཡེ་ཤེས་ཀྱི་རང་མདངས་སུ་སྣང་བ་གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་བྲལ་བའི་འཁོར་ལ། དུས་བཞི་མཉམ་པ་ཉིད་འཕོ་འགྱུར་དང་བྲལ་བའི་བར་དུ་ཆོས་རང་བཞིན་རྫོགས་པ་ཆེན་པོ་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པའི་དགོངས་པ་ཉིད་མིང་ཚིག་རང་མཚན་ལས་འདས་པའི་གསུང་གིས་དུས་གསུམ་རྒྱུན་མི་འཆད་དུ་བགྲོ་བར་མཛད་དེ་གདུལ་བྱ་འདུལ་བྱེད་དུ་ཤར་བ་མ་ཡིན་པས་ས་བཅུ་པ་རྣམས་ཀྱི་སྤྱོད་ཡུལ་ལས་ཀྱང་འདས་པར་བཞུགས་སོ། ། ཐུགས་རྗེའི་གཞན་སྣང་རིགས་ལྔའི་ཁང་བརྩེགས་སུ། ། སྟོན་པ་རྣམ་ལྔས་ཟབ་དབང་གསུམ་ལ་སོགས། ། དགོངས་པ་བརྡ་དང་འཆད་པའི་ཚུལ་དྲུག་གིས། ། ཐབས་ཀྱི་ཐེག་པ་རྒྱལ་ཚབ་རྣམས་ལ་སྟོན། ། དེའི་ངང་ལས་གདུལ་བྱ་རྣམས་ལ་ཡང་དག་པའི་ཐུགས་རྗེའི་དབང་གིས། ས་བཅུའི་དབང་ཕྱུག་རྣམས་ཀྱི་གཞན་སྣང་དུ། དབུས་ན་སྟུག་པོ་བཀོད་པ། ཤར་དུ་མངོན་དགའ། ལྷོར་རིན་པོ་ཆེས་བརྒྱན་པ། ནུབ་ཏུ་བདེ་བ་ཅན། བྱང་ན་ལས་རབ་གྲུབ་པ་སྟེ་རིགས་ལྡན་ཞིང་ཁམས་འོད་ཀྱི་ཁང་བུ་བརྩེགས་པ་རྣམས་སུ། སྟོན་པ་དེ་བཞིན་གཤེགས་པ་རིགས་ལྔའི་རྒྱལ་བ་རྣམ་པ་ལྔས། ལྷན་ཅིག་པའི་འཁོར་རྣམས་ལ་ཟབ་མོའི་དབང་གསུམ་བསྐུར་བས་བརྗོད་བྱ་དོན་གྱི་རྒྱུད་རྟོགས་ཏེ་རང་དོན་དུ་སངས་རྒྱས་སོ། ། དེ་ནས་གཞན་དོན་དུ་ཞུ་བ་ཕུལ་བས་སྟོན་པ་ཐུགས་རྗེ་སྐྱེས་ཏེ་དགོངས་པ་བརྡའི་གསུང་དང་འཆད་པའི་ཚུལ་དྲུག་གིས་ནང་དབང་སྒྱུར་ཐབས་ཀྱི་ཐེག་པའི་ཆོས་སྒོ་རྒྱལ་ཚབ་ཀྱི་ས་ལ་གནས་པའི་འཁོར་རྣམས་ལ་བསྟན་པར་མཛད་དོ། །
འདིར་འཆད་ཚུལ་དྲུག་ནི། སྐུ་དྲང་པོར་བསྲངས། སྨིན་མ་གཟེངས་གཏོད། སྤྱན་ཟིམ་བུར་གཟིགས། ཞལ་གྱི་སྒོ་དབྱེ། དུང་གི་ཚེམས་བར་ནས་ལྗགས་ཀྱི་དབང་པོ་བརྐྱངས་ཏེ་ཚངས་པའི་དབྱངས་སུ་གསུངས་སོ། ། དེ་ཚེ་མ་དག་ཞིང་དུ་བཅའ་གཞི་ཡི། ། སྟོན་པ་དྲུག་གིས་ལམ་སྟེགས་ཆོས་སྒོ་སྤྲོ། ། ཕྱེད་སྤྲུལ་ལོངས་སྐུའི་ཆོས་བསྟན་པ་དེའི་ཚེ་མ་དག་པའི་ཞིང་འགྲོ་བ་རིགས་དྲུག་གི་གནས་རྣམས་སུ་ཐུན་མོང་བཅའ་གཞིའི་སྟོན་པ་དྲུག་སྤྲོས་ཏེ། དེ་དག་གིས་གདུལ་བྱ་རྒྱུད་མ་དག་པ་དང་བློ་དམན་པ་རྣམས་ལ་ཐུན་མོང་ལམ་སྟེགས་ཀྱི་ཐེག་པའི་ཆོས་སྒོ་མཐའ་ཡས་པ་བསྟན་ཅིང་སྤྲོ་བར་མཛད་དོ། ། གཞན་པ་དེ་དག་གི་ཚེ་དྲག་པོ་འཇིགས་བྱེད་གཏུམ་པོ་སོགས་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་ངོར་དཔལ་ཧེ་རུ་ཀའི་རྣམ་པར་སྣང་བས་ཁྲོ་བོའི་དཀྱིལ་འཁོར་སྤྲུལ་པར་མཛད་པ་སོགས་གང་འདུལ་ཞི་ཁྲོའི་རྣམ་པ་དཔག་ཏུ་མེད་པ་སྟོན་པར་གསུངས་སོ། །
2.འཁོར་གྱིས་བསྡུས་ཚུལ་ནི། གཞན་སྣང་བརྡ་དང་ཚིག་ལས་བྱུང་བའི་རྒྱུད། ། རྡོ་རྗེ་ཆོས་རབ་མི་ཡི་ཐོད་པ་ཅན། ། ཌཱ་ཀི་པུཎྜ་ཉེར་བཞི་སོགས་ཀྱིས་བསྡུས། ། ཐུགས་རྗེས་གཞན་སྣང་དུ་སྣང་བའི་སྟོན་པ་རྣམས་ཀྱིས་གཞན་སྣང་ཙམ་དུ་བརྡ་ཡིས་གོ་བར་མཛད་པ་དང་། རྔ་སྒྲ་དང་སྒྲ་བརྙན་བཞིན་ངག་ཚིག་ཏུ་ཉེ་བར་སྣང་བ་ལས་བྱུང་བའི་རྒྱུད་རྣམས་ནི། གསང་བདག་རྡོ་རྗེ་ཆོས་དང་། བྲམ་ཟེ་མིའི་ཐོད་པ་ཅན། ཌཱ་ཀི་མ་པུ་ཎ་ཉེ་བར་ཞི་བ་དང་། སོགས་ཁོངས་ནས་མན་ངག་རྫོགས་པ་ཆེན་པོ་རྣམས་རྒྱལ་ཚབ་རྡོ་རྗེ་སེམས་དཔའ་དང་། ལུང་ཨ་ནུ་ཡོ་ག་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་སོགས་ཀྱིས་སངས་རྒྱས་རྣམས་ཀྱི་སྐུའི་རྣམ་འགྱུར། གསུང་གི་བརྡ། ཐུགས་ཀྱི་དགོངས་དོན་མ་ལུས་པ་རྒྱུད་ཀྱི་རང་བཞིན་ཏུ་གཏན་ལ་ཕབ་ནས་མི་མངོན་རིག་པ་འཛིན་པའི་གནས་སུ་བསྡུས་ཤིང་སྡུད་པ་པོ་དག་ཀྱང་གདོད་མའི་མགོན་པོའི་ཐུགས་ཡེ་ཤེས་ཆེན་པོའི་རང་རྩལ་བཅོམ་ལྡན་འདས་གསང་བའི་བདག་ པོའི་ངོ་བོར་གཅིག་པས་སྟོན་འཁོར་དབྱེར་མེད་དགོངས་པ་མཉམ་ཉིད་ངང་ལས་གང་ཟག་གཞན་རྒྱུད་ཀྱིས་བསྡུས་པ་མ་ཡིན་ནོ། །
3.བསྟན་པའི་གཉེར་གཏད་ཚུལ་ནི། རིགས་གསུམ་མཁའ་འགྲོ་ཆོས་ཀྱི་སྤྱན་ཅན་ལ། ། བསྟན་པའི་གཉེར་གཏད་མདོར་ན་སྐུ་གསུམ་གྱི། ། སྟོན་པའི་གླེང་གཞི་རྒྱལ་བ་དགོངས་བརྒྱུད་དོ། ། དེ་ལྟ་བུའི་རྒྱུད་སྡེ་ཟབ་མོ་རྣམས་སྡུད་པ་པོ་གསང་བའི་བདག་པོ་གཙོ་བོར་གྱུར་པའི་རྒྱལ་སྲས་རིགས་གསུམ་མགོན་པོ་དང་། འཁོར་འདས་ཐམས་ཅད་ཀྱི་བདག་མོ་སྐུ་གཅིག་ལ་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཚོགས་དང་བཅས་པ་རྣམས་ལ་དངོས་སུ་གཉེར་གཏད་ནས་བཀའ་བསྒོས་ཤིང་། བརྒྱུད་ནས་ཕྱི་རབས་བརྒྱུད་འཛིན་གྱི་གང་ཟག་ཆོས་ཀྱི་སྤྱན་ཅན་རྣམས་ལའང་ལུང་བསྟན་ཅིང་བསྟན་པའི་གཉེར་གཏད་དེ། ཁོག་གཞུང་ལས། སྡུད་པ་པོ་དང་བུད་མེད་དང་། ། རྣལ་འབྱོར་མིག་ལྡན་སོགས་པའོ། ། ཞེས་གསུངས་པས་སོ། ། དེ་ལྟར་བཤད་པ་དེ་དག་མདོར་བསྡུ་ན། སྟོན་པ་སྐུ་གསུམ་གྱི་གླེང་གཞི་དང་འབྲེལ་བ་དགོངས་པ་རོ་གཅིག་ཏུ་མཉམ་པས་ཆོས་བསྟན་བྱ་སྟོན་བྱེད་མེད་ཀྱང་ཡེ་ཤེས་ཀྱི་རྩལ་ལས་ཚུལ་ཙམ་དུ་སྣང་བས་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ། ། |
སངས་རྒྱས་དགོངས་པ་དང་སེམས་ཅན་གྱི་སེམས་བསྲེ་བར་ལྡན་དགོས་པའི་བདེ་བ་བཅོ་ལྔ |
དེ་ཡང་། གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ།
1.སྣང་སྲིད་སེམས་སུ་ཤེས་པས་ཕྱོགས་རིས་མེད་པར་བདེ༔
2.སེམས་ཉིད་ཅིར་ཡང་ཤེས་པས་གང་ལྟར་བཏགས་པ་བདེ༔
3.དེ་ལ་སྤང་བླང་མེད་པས་མཉམ་པ་ཉིད་དུ་བདེ༔
4.ཕྱོགས་དང་རིས་སུ་མེད་པས་གཉིས་མེད་ཀུན་ཏུ་བདེ༔
5.ལྷུན་གྱིས་གྲུབ་པས་བཙལ་མེད་ཀུན་ཏུ་བདེ༔
6.དེ་ལ་དགག་སྒྲུབ་མེད་པས་མཉམ་ཉིད་ངང་དུ་བདེ༔
7.སྣང་སྲིད་ཡེ་སངས་རྒྱས་པས་བདག་ཉིད་ཆེན་པོར་བདེ༔
8.རང་བཞིན་ལྷུན་གྱིས་གྲུབ་པས་ཐོབ་བྱ་མེད་པར་བདེ༔
9.མ་བཅོས་ངང་ལ་གནས་པས་རང་བཞིན་ཀུན་ཏུ་བདེ༔
10.གཟུང་འཛིན་རྟོག་པ་དང་བྲལ་བས་རྣམ་དག་ངང་ལ་བདེ༔
11.དེ་ལ་དམིགས་གཏད་མེད་པས་མཉམ་ཉིད་ངང་ལ་བདེ༔
12.གཞན་ནས་བླང་དུ་མེད་པས་ཐོབ་མེད་ཆེན་པོར་བདེ༔
13.ལམ་ལ་སྒོ་ཕུགས་མེད་པས་མ་བཀོད་གནས་ན་བདེ༔
14.གནས་ལ་མཐོ་དམན་མེད་པས་མ་བཙལ་ས་ན་བདེ༔
15.གཞི་ལ་འཕོ་འགྱུར་མེད་པས་རང་བཞིན་གནས་ལ་བདེ༔ བདེ་བ་བཅོ་ལྔ་དང་ལྡན་པའི་གདམས་ངག་འདི་སློབ་དཔོན་པདྨས་ཇོ་མོ་མཚོ་རྒྱལ་ལ་གདམས་པའོ། ། |
དགོངས་པའི་ཚུལ་མདོར་བསྡུས་ན་རྣམ་པ་བཅུ་དྲུག |
དེ་ཡང་། འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ།
1.ཡང་དག་པར་སྟོན་པའི་དགོངས་པ།
2.འདུན་པ་བཟློག་པའི་དགོངས་པ།
3.ཡང་དག་པར་འཛིན་དུ་འཇུག་པའི་དགོངས་པ།
4.ཡང་དག་པར་གཟེངས་བསྟོད་པའི་དགོངས་པ།
5.ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་དགོངས་པ།
6.གཟུང་བའི་དགོངས་པ།
7.ཐེ་ཚོམ་བཅད་པའི་དགོངས་པ།
8.ཡོངས་སུ་སྨིན་པར་བྱ་བའི་དགོངས་པ།
9.ཏིང་ངེ་འཛིན་དུ་བྱ་བའི་དགོངས་པ།
10.རྣམ་པར་གྲོལ་བར་བྱ་བའི་དགོངས་པ།
11.དོན་གཞན་དང་འབྲེལ་བའི་དགོངས་པ།
12.རྟོགས་པར་བྱེད་པ་རྣམས་ལ་ཁ་ན་མ་ཐོ་བ་མེད་པའི་དགོངས་པ།
13.མཆོག་ཏུ་དགའ་བའི་དགོངས་པ།
14.སྨྲ་བ་པོ་རྣམས་ལ་ཉན་པ་རྣམས་རིམ་གྲོ་ཆེར་བསྐྱེད་པར་བྱ་བའི་དགོངས་པ།
15.ཆོས་ཀྱི་ཚུལ་འཇུག་པར་བྱ་བའི་དགོངས་པ།
16.དགེ་བ་འཕེལ་བར་བྱང་ཆུབ་ངེས་པ་དང་། མཚན་མ་ཐམས་ཅད་ཀྱིས་ཟིལ་གྱིས་གནོན་པའི་དགོངས་པ་བཅས་སོ། ། |
ཟབ་མོ་དག་སྣང་དགོངས་གཏེར་གྱི་རྒྱུད་པའི་སྐྱེས་བུ་དམ་པ་སུམ་ཅུ་རྩ་བཞི། |
དེ་ཡང་། ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་བཻཌཱུརྱའི་ཕྲེང་བ་ལས་བྱུང་བ་སྟེ།
1.བྱང་སེམས་ཟླ་བ་རྒྱལ་མཚན།
2.རས་ཆུང་རྡོ་རྗེ་གྲགས་པ།
3.ཁ་ཆེ་པཎ་ཆེན་ཆེན་པོ་ཤཱཀྱ་ཤྲཱི།
4.གཡུ་ཐོག་ཡོན་ཏན་མགོན་པོ།
5.ཤངས་པ་དཔོན་སྟོན་སྐྱེར་སྒང་ཆོས་ཀྱི་སེང་གེ
6.ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ།
7.ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ནམ་ལས་ཀྱི་རྡོ་རྗེ།
8.འཕན་ཡུལ་བ་དཔལ་ལྡན་རྡོ་རྗེ།
9.པཎ་གྲུབ་ཆེན་པོ་ཤྲཱི་བ་རཏྣ་སྟེ་དཔལ་ནགས་ཀྱི་རིན་ཆེན།
10.རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར།
11.བསམ་གཏན་གླིང་པའི་ཨ་ཏིར་གྲགས་པ།
12.དཔལ་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན།
13.རས་ཆེན་དཔལ་འབྱོར་བཟང་པོ།
14.གྲུབ་པའི་དབང་ཕྱུག་ཆེན་པོ་བོ་དོང་རྟོགས་ལྡན་སངས་རྒྱས་མགོན་པོ།
15.འཇམ་དབྱངས་ཆོས་ཀྱི་གྲགས་པའི་མཆོག་གི་སྤྲུལ་པའི་སྐུ་ཐམས་ཅད་མཁྱེན་པ་པདྨ་དཀར་པོ།
16.རྒྱལ་སྲས་བསྟན་པའི་འབྱུང་གནས་སམ་འཇའ་ཚོན་མེ་འབར་མཁའ་འགྲོའི་དབང་ཕྱུག
17.འབྲི་གུང་པ་ཆོས་ཀྱི་གྲགས་པ།
18.ལྷ་བཙུན་ནམ་མཁའ་འཇིགས་མེད།
19.མྱོས་སྟོན་རིག་འཛིན་ཆེན་པོ་གསང་བདག་ཕྲིན་ལས་ལྷུན་གྲུབ།
20.རྒྱལ་མཆོག་ལྔ་པ་ཆེན་པོ་གསང་མཚན་རྡོ་རྗེ་ཐོགས་མེད་རྩལ།
21.གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག
22.འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས
་23.གྲུབ་ཆེན་ཉི་ཟླ་ཀློང་གསལ།
24.རིག་འཛིན་འགྱུར་མེད་རྡོ་རྗེ།
25.མཁས་གྲུབ་ཀརྨ་ཆགས་མེད།
26.རིག་འཛིན་ཐུགས་ཀྱི་རྡོ་རྗེའམ་རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ་རྩལ།
27.ཏའི་སི་ཏུ་དགུ་པ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ།
28.དཔའ་བོ་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོ།
29.ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས།
30.ང་ཕོད་དགེ་རྒན་པདྨ་དགྱེས་པ།
31.ཀུན་མཁྱེན་འཇིགས་མེད་གླིང་པ།
32.དཔལ་རི་སྤྲུལ་པའི་སྐུ་པདྨ་ཆོས་འབྱོར།
33.གྲུབ་པའི་དབང་ཕྱུག་ཆེན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར།
34.མདོ་ཁམས་རྫོགས་ཆེན་པ་པདྨ་རིག་འཛིན་བཅས་སོ། ། |
སྡོམ་པ་ལེན་ཡུལ་དགེ་འདུན་གྱི་ཐུགས་དགོངས་གསུམ། |
1.མ་འཁྲུལ་བ།
2.ལས་བྱེད་འདོད།
3.ཕན་འདོད་སྙིང་རྗེའོ། ། |
ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་པ་འགྲེལ་ཚུལ་གསུམ། |
1.སློབ་དཔོན་ཕྱོགས་གླང་གིས་སེམས་ཙམ་རྣམ་བརྫུན་པའི་ལུགས་སུ་བྱས་ཏེ་དོན་ཚན་སོ་གཉིས་སུ་བསྡུས་ཏེ་བསྟན་པ་བརྒྱད་སྟོང་དོན་བསྡུས་མཛད།
2.ཁ་ཆེ་མཆེ་བའི་སྡེས་སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་བསྟན་པའི་ཡུམ་འགྲེལ་གནོད་འཇོམས་མཛད།
3.རྗེ་བཙུན་བྱམས་མགོན་གྱིས་དངོས་བརྒྱད་དོན་བདུན་ཅུར་བསྟན་པ་དང་། དྲུག་ཏུ་སྟན་པ་དང་། གསུམ་དུ་བསྟན་པ་སྟེ་བཤད་ཚུལ་མི་འདྲ་བ་གསུམ་དུ་བྱས་ཏེ་བསྟན་བཅོས་ཆེན་པོ་མངོན་རྟོགས་རྒྱན་མཛད་པའོ། ། དེ་དག་ལས།
(1)དོན་ཚན་སོ་གཉིས་གང་ཞེ་ན།
[1]རྟེན་སྟོན་པ།
[2]དབང་དུ་བྱ་བ་ཉན་ཐོས་བྱང་སེམས།
[3]ལས་ཡུམ་ལ་སྤྱོད་ཚུལ།
[4] - [13] རྟག་ལྟ། ཆད་ལྟ། སྒྲོ་འདོགས་སྐུར་འདེབས། གཅིག་ཏུ་བདེན་པར་ལྟ་བ། ཐ་དད་དུ་བདེན་པར་ལྟ་བ། ཁྱད་པར་དང་། ངོ་བོ་ལ་བདེན་པར་ལྟ་བ། མིང་དང་དོན་ལ་མངོན་པར་ཞེན་པ་སྟེ་རྣམ་གཡེང་གི་རྟོག་པ་བཅུ་ཡི་གཉེན་པོར་སྒོམ་བྱེད་མཁྱེན་པ་བཅུ།
ཡང་ན། རྣམ་གཡེང་གི་རྟོག་པ་བཅུ་ཞེས་བདེན་འཛིན་བཅུ་བཞག་ཚུལ་ནི།
[4] - [13]མིང་དོན་གཉིས། ངོ་བོ་ཡོད་མེད་གཉིས། སྒྲོ་སྐུར་གཉིས། གཅིག་དང་ཐ་དད་གཉིས། ངོ་བོ་དང་ཁྱད་པར་གཉིས་ཏེ་བཅུའོ། །
[14] - [29] བསྒོམ་བྱ་སྟོང་ཉིད་བཅུ་དྲུག
[30]ཕྱིར་མི་ལྡོག་པའི་རྟགས།
[31]ཤེར་ཕྱིན་སྤངས་ན་ངན་སོང་ལྷུང་བ།
[32]ཤེར་ཕྱིན་བསྒོམས་པའི་ཕན་ཡོན་དང་སོ་གཉིས་ཏེ་ཕྱོགས་ཀྱི་གླང་པོས། རྟེན་དང་དབང་དུ་བྱ་བ་དང་། ། ལས་ནི་སྒོམ་པ་དང་བཅས་དང་། ། རབ་དབྱེ་རྟགས་དང་ལྟུང་བ་དང་། ། ཕན་ཡོན་བཅས་པར་ཡང་དག་བརྗོད ། ཅེས་གསུངས་སོ། །
(2)སྒོ་གསུམ་རྣམ་གྲངས་བཅུ་གཅིག་གང་ཞེ་ན། དང་པོ་སྒོ་གསུམ་ནི།
[1]བསྡུས་ཏེ་བསྟན་པའི་སྒོ་འབུམ་སོགས་ཤོ་ལོ་ཀ་གཅིག
[2]འབྲིང་དུ་བསྟན་པའི་སྒོ་སྐབས་དང་པོ་དང་། དེ་ཡི་བཤད་བྱ་རྩ་བ་རབ་འབྱོར་གྱི་ལེའུ།
[3]ལྷག་མ་རྣམས་ནི་རྒྱས་པར་བསྟན་པ་སྒོའོ། །
གཉིས་པ་རྣམ་གྲངས་བཅུ་གཅིག་གང་ཞེ་ན།
[1]ཤ་རིའི་བུ་ལ་གཅིག
[2]རབ་འབྱོར་ལ་གཅིག
[3] - [4]བརྒྱ་བྱིན་ལ་གཉིས།
[5] - [8]ཡང་རབ་འབྱོར་ལ་བཞི།
[9] - [10]བྱམས་པ་ལ་གཉིས།
[11]ཀུན་དགའ་བོ་ལ་བཀའ་སྩལ་པ་གཅིག་གོ །
(3)བཤད་ཚུལ་མི་འདྲ་བ་གསུམ་གང་ཞེ་ན།
[1]དངོས་པོ་བརྒྱད་དང་དོན་བདུན་ཅུའི་སྒོ་ནས་བཤད་ཚུལ་གཅིག
[2]མཁྱེན་པ་གསུམ་གྲངས་ཕན་གྱི་གསུམ་དང་། རྣམ་རྫོགས་སྦྱོར་བ་དང་རྩེ་སྦྱོར་གཉིས་དབང་དུ་བྱ་བ་རྒྱུ་འབྲས་གཉིས་གཅིག་ཏུ་བགྲངས་པས་བཞི། མཐར་གྱི་སྦྱོར་བ་དང་སྐད་ཅིག་མའི་སྦྱོར་བ་གཉིས། བརྟེན་པ་རྒྱུ་འབྲས་གཉིས་གཅིག་ཏུ་བགྲངས་པས་ལྔ། འབྲས་བུ་ཆོས་སྐུ་དང་དྲུག་ཏུ་བྱས་ནས་བཤད་དེ། མངོན་རྟོགས་རྒྱུན་ལས། དོན་བསྡུས་གཞན་ཏེ་ཤེས་པ་དྲུག ། ཅེས་གསུངས།
[3]བཤད་ཚུལ་གསུམ་པ་ནི། མཁྱེན་པ་གསུམ་དང་པོ། སྦྱོར་བ་བཞི་གཉིས་པ། འབྲས་བུ་ཆོས་སྐུ་གསུམ་དུ་བྱས་ནས་བཤད་དེ། མངོན་རྟོགས་རྒྱན་ལས། དོན་བསྡུས་གཞན་ཏེ་མཁྱེན་པ་གསུམ། ། ཞེས་གསུངས་ཏེ། ཤེས་བྱའི་ཡུལ་དུ་མཁྱེན་པ་གསུམ། ། ཉམས་ལེན་ཡུལ་དུ་སྦྱོར་བ་བཞི། ། འབྲས་བུ་མངོན་རྟོགས་ཆོས་ཀྱི་སྐུ། ། ཞེས་བྱའོ། ། |
བཀའ་དགོངས་པ་ཅན་བཞི། |
1.ཆོས་སྐུ་མཉམ་པ་ཉིད་ལ་དགོངས་ནས་གསུངས་པ་ནི། སངས་རྒྱས་ལ་བརྙས་པ་བྱེད་པའི་གཉེན་པོར། ང་ཉིད་དེའི་ཚེ་དེའི་དུས་ན་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏེ། ཞེས་གསུངས་པ་ལྟ་བུའོ། །
2.དུས་གཞན་ལ་དགོངས་ནས་གསུངས་པ་ནི། སེམས་ཅན་ལེ་ལོ་ཅན་རྣམས་ཀྱི་གཉེན་པོར། གང་དག་བརྩོན་འགྲུས་བྱས་ཏེ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་གྱུར་ཏོ། ། ཞེས་གསུངས་པ་ལྟ་བུའོ། །
3.དོན་གཞན་ལ་དགོངས་ནས་གསུངས་པ་ནི། ཆོས་ལ་བརྙས་པའི་གཉེན་པོར་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་རྙེད་ལ་བསྙེན་བཀུར་བྱས་ན་ཆོས་འདི་ཐོབ་པར་འགྱུར་རོ། ། ཞེས་གསུངས་པ་ལྟ་བུའོ། །
4.གང་ཟག་གི་བསམ་ངོ་ལ་དགོངས་ནས་གསུང་པ་ནི། སྦྱིན་པ་ལ་མཆོག་ཏུ་འཛིན་པའི་གཉེན་པོར། སྦྱིན་པ་ནི་དམན་པ། ཚུལ་ཁྲིམས་ནི་མཆོག་ཡིན། ཞེས་གསུངས་པ་ལྟ་བུའོ། ། |
བཀའ་གསུངས་པའི་དགོངས་པ་བཞི། |
1.ཉོན་མོངས་པའི་གཉེན་པོར་འགྲོ་བ།
2.སེམས་ཅན་གྱི་དོན་དུ་འགྱུར་བ།
3.དངོས་པོར་འཛིན་པའི་ཞེན་པ་ཟློག་པ།
4.འབྲས་བུ་མངོན་དུ་འགྱུར་བའོ། ། |
དགོངས་ཏེ་བཤད་པ་བཞི། |
འདི་ལ་ཁག་གཉིས་ཡོད་པ་སྟེ།
ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་བྱུང་བ་ཁག་གཅིག་སྟེ།
1.འདུ་བྱེད་ཀྱི་དགོངས་ཏེ་བཤད་པ་བསམ་གྱིས་མི་ཁྱབ་་པ།
2.འདུ་བྱེད་ཡོངས་སུ་བཤད་པའི་དགོངས་ཏེ་བཤད་པ་བསམ་གྱིས་མི་ཁྱབ་པ།
3.ཀུན་ནས་ཉོན་མོངས་པའི་དགོངས་ཏེ་བཤད་པ་བསམ་གྱིས་མི་ཁྱབ་པ།
4.རྣམ་པར་བྱང་བའི་དགོངས་ཏེ་བཤད་པ་བསམ་གྱིས་མི་ཁྱབ་པའོ། ། |
དགོངས་ཏེ་བཤད་པ་བཞི། |
འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་འགྲེལ་པ་གྲགས་པའི་ཕྲེང་བ་ལས་བྱུང་བ་ཁག་གཅིག་སྟེ།
1.སེམས་ཅན་ལ་དགོངས་པ།
2.ཆོས་ཉིད་ལ་དགོངས་པ།
3.བསྟན་པ་ལ་དགོངས་པ།
4.དུས་ལ་དགོངས་པའོ། ། |
དགོངས་པ་བཞི། |
དེ་ཡང་། འཕྲལ་དུ་གོ་བ་དང་དོན་དུ་སྦྱར་བ་ཐ་དད་ཀྱང་། ཚིག་གཅིག་གིས་འགལ་བ་མེད་པར་སྟོན་ཏེ། ཐབས་དེ་ལྟ་བུས་སེམས་ཅན་དག་འདུལ་བར་འགྱུར་བ་
1.མཉམ་པ་ཉིད་ལ་དགོངས་པ་ནི། འདས་པའི་སངས་རྒྱས་དང་། ཤཱཀྱ་ཐུབ་པ་གཉིས་ཆོས་ཀྱི་སྐུ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དང་། སེམས་ཅན་དོན་གྱི་ཕྲིན་ལས་མཛད་པ་རྣམས་ཆེ་ཆུང་མི་མངའ་བའི་སྒོ་ནས་སངས་རྒྱས་ཤཱཀྱ་ཐུབ་པས་སྔ་མ་འདས་པའི་སངས་རྒྱས་ཀྱང་ང་ཉིད་ཡིན་ནོ་ཞེས་གསུངས་པ་ནི་མཉམ་པ་ཉིད་ལ་དགོངས་པའོ། །
2.དུས་གཞན་ལ་དགོངས་པ་ནི། སངས་རྒྱས་འོད་དཔག་མེད་དང་། སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་སངས་རྒྱས་གཅིག་ཙམ་གྱི་མཚན་བརྗོད་པ་ཙམ་གྱིས་ཀྱང་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་པ་ཡང་དེས་འཕྲལ་དུ་འཚང་རྒྱ་བ་མིན་གྱི། རྒྱུ་དེ་ཙམ་ལ་བརྟེན་ཏེ་བསྒྲུབས་ན་ནམ་ཞིག་འཚང་རྒྱ་བ་དང་། སྨོན་ལམ་བཏབ་ན་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བ་ཡང་འཕྲལ་དུ་མི་འགྱུར་གྱི། ནམ་ཞིག་ན་རྒྱུར་འགྱུར་བས་ན་དུས་གཞན་ལ་དགོངས་པའོ། །
3.དོན་གཞན་ལ་དགོངས་པ་ནི། སངས་རྒྱས་གང་གཱ་སྙེད་ལ་བསྙེན་བཀུར་མ་བྱས་ན་མདོ་སྡེ་འདི་ཐོས་པར་མི་འགྱུར་རོ་ཞེས་བྱ་བ་ནི་འདིར་འཕྲལ་དུ་མཐོང་བ་ཙམ་ལ་མི་བྱའི། བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པ་ལ་བྱ་བས་ན་དོན་གཞན་ལ་དགོངས་པའོ། །
4.གང་ཟག་གཞན་ལ་དགོངས་པ་ནི། ཚུལ་ཁྲིམས་ལ་སོགས་པ་དགེ་བའི་ཕྱོགས་གང་ལ་དད་ཅིང་ནུས་པ་དེ་ལ་བསྔགས་ཏེ་སྤྱོད་དུ་གཞུག་པ་དང་། ཡང་ན་ཚུལ་ཁྲིམས་བསྲུང་བ་ཉི་ཚེས་ཆོག་གོ་སྙམ་དུ་སེམས་པ་ལ་དགེ་བ་གཞན་ཡང་བྱེད་དུ་གཞུག་པའི་ཕྱིར་ཚུལ་ཁྲིམས་སྨད་ལ་སྦྱིན་པ་བསྔགས་པ་ལ་སོགས་ཏེ། ཕ་རོལ་ཏུ་ཕྱིན་པ་ཀུན་ལ་སྦྱོར་བ་ནི་གང་ཟག་གཞན་ལ་དགོངས་པའོ། ། |
གཏོར་མའི་དགོངས་པ་བཞི། |
དེ་ཡང་། རིན་ཆེན་གཏེར་མཛོད་གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ།
1.བདག་ཡི་དམ་ལྷར་གསལ་བ།
2.གནས་གཞལ་ཡས་ཁང་དུ་གསལ་བ།
3.མགྲོན་རྣམས་ལྷ་ཕོ་མོར་གསལ་བ།
4.རྫས་བདུད་རྩིའི་རྒྱ་མཚོར་གསལ་བའོ། ། |
ལྡེམ་པོར་དགོངས་པ་བཞི། |
དེ་ཡང་། ཚིག་ངེས་པ་མ་ཡིན་ཡང་དྲང་དུ་རུང་བ་ཙམ་ལ་དགོངས་ནས་གཞན་དག་བཀྲི་བའི་ཐབས་སུ་གསུངས་པ་ནི་ལྡེམ་པོར་དགོངས་པ་སྟེ།
1.མུ་སྟེགས་པ་དག་བདག་ཡོད་དམ་མེད་ཅེས་འདྲི་ན། སེམས་ཅན་གྱི་རྒྱུན་སྐད་ཅིག་མའམ་རྫུས་ཏེ་སྐྱེ་བའི་སེམས་ཅན་དག་ཡོད་པ་ཙམ་ལ་བརྟེན་ནས་བདག་ཡོད་དོ་ཞེས་བྱ་བ་དང་། ཉན་ཐོས་དག་ཆོས་ཀྱི་དངོས་པོ་ཡོད་དམ་མེད་ཅེས་འདྲི་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་དོ་ཞེས་སྐྱེ་བོ་རྣམས་ཐེག་པ་ཆེན་པོ་དང་། བསྟན་པ་འདི་ལ་གཟུད་ཅིང་མི་སྐྲག་པར་བྱ་བའི་ཕྱིར་བཤད་པ་ནི་གཞུག་པ་ལ་ལྡེམ་པོར་དགོངས་པའོ། །
2.ཆོས་ཐམས་ཅད་དངོས་པོ་ཡོད་དམ་མེད་ཅེས་འདྲི་ན། མཚན་ཉིད་གསུམ་ལ་དམིགས་ནས་མེད་པར་འདོད་པ་ལ་ནི་ཀུན་ཏུ་བརྟགས་པའི་མཚན་ཉིད་ལ་བསམས་ནས་མེད་ཅེས་བསྟན་ཏེ། ཡོད་པར་འདོད་པ་ལ་ནི་གཞན་དབང་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་གཉིས་ལ་དགོངས་ནས་ཡོད་ཅེས་བསྟན་པ་ནི་མཚན་ཉིད་དེ་ལ་ལྡེམ་པོར་དགོངས་པའོ། །
3.སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་ཡང་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་ལ་སོགས་པ་གསུངས་པ་ནི་གཉེན་པོ་ལ་ལྡེམ་པོར་དགོངས་པའོ། །
4.ཕ་བསད། མ་བསད། དགེ་འདུན་གྱི་དབྱེན་བྱས། དགྲ་བཅོམ་པ་བསད། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་ན་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱའོ་གསུངས་པ་དེ་དངོས་སུ་སྒྲ་བཞིན་དུ་བྱ་བ་མ་ཡིན་གྱི། མ་རིག་པའི་དངོས་པོ་མེད་པར་ཤེས་པ་ནི་མ་བསད་པའོ། ། ཞེ་སྡང་གི་དངོས་པོ་མེད་པར་ཤེས་པ་ལ་ནི་ཕ་བསད་པའོ། ། ཕུང་པོ་ལྔ་སྟོང་པར་བཤིག་སྟེ་དངོས་པོ་མེད་པ་ལ་ནི་དགེ་འདུན་གྱི་དབྱེན་ནོ། ། ཀུན་གཞི་རྣམ་པར་ཤེས་པ་བག་ཆགས་དང་བཅས་པ་དངོས་པོ་མེད་པར་ཤེས་པ་ལ་ནི་དགྲ་བཅོམ་པ་བསད་པའོ། ། ཆོས་ཀྱི་དབྱིངས་སྟོང་པ་ཉིད་དུ་ ཤེས་རབ་ཀྱིས་རྟོགས་པ་ལ་ནི་དེ་བཞིན་གཤེགས་པ་ལ་ཁྲག་ཕྱུང་བ་ཞེས་མིང་བསྒྱུར་བ་དང་། ཡང་ན། སྙིང་པོ་མེད་ལ་སྙིང་པོར་རྟོགས། ། ཕྱིན་ཅི་ལོག་ལ་རབ་གནས་ཤིང་། ། ཉོན་མོངས་ཀྱིས་ནི་ཉོན་མོངས་ན། བྱང་ཆུབ་དམ་པ་ཐོབ་པར་འགྱུར། ། ཞེས་གསུངས་ཏེ། མི་གཡེང་བར་བསྒོམ་པ་དང་ཕྱིན་ཅི་ལོག་ལས་བཟློག་པར་གནས་པ་དང་། དཀའ་བ་སྣ་ཚོགས་ཀྱིས་དཀའ་ཐུབ་སྤྱད་པ་དང་གོ་རིམ་བཞིན་དུ་སྦྱར་ཏེ། དེ་ལྟ་བུར་སྤྱད་ན་འཚང་རྒྱའོ་ཞེས་མིང་བསྒྱུར་བ་ནི་བསྒྱུར་བ་ལ་ལྡེམ་པོར་དགོངས་པའོ། ། |
དགོངས་པ་ཅན་གྱི་རྒྱན་གཅིག |
དེ་ཡང་། ཆོས་བཞིའི་བསམ་པའི་དབང་བྱས་ནས། །སྦྱར་བའི་སྙན་ངག་དགོངས་པ་ཅན། །ཞེས་སོ། །ཆོས་བཞི་ནི།
1.རྗོད་བྱེད་ཚིག་ཕན་ཚུན་འབྲེལ་ཆགས་པ།
2.སྐབས་སུ་མ་བབ་པའི་ཚིག་རོས་མ་བསྒྲིབས་པ།
3.ཉམས་སྣ་ཚོགས་ཀྱི་སྒོ་ནས་བརྗོད་ཀྱང་དོན་དེར་འབབ་པ།
4.དོན་ཟབ་པ་རྣམས་ཀྱང་ཚིག་གིས་གསལ་པོར་མཚོན་ནུས་པ་དང་ཁྱད་ཆོས་བཞིའོ། ། |
འཛབ་ཀྱི་དགོངས་པ་བཞི། |
1.རྒྱལ་པོའི་ཕོ་ཉ་ལྟ་བུ།
2.ཟླ་བའི་སྐར་ཕྲེང་ལྟ་བུ།
3.མགལ་མེ་ཀླད་སྐོར་ལྟ་བུ།
4.བུང་བ་ཚང་གྲོལ་ལྟ་བུའོ། ། |
དགོངས་པ་འགྲེལ་བ་བསྟན་བཅོས་བཤད་པ་ལ་ལྔ། |
1.བསྟན་བཅོས་རྩོམ་པ་པོ་ནི། དེའང་བསྟན་བཅོས་རྩོམ་པ་པོ་མཚན་ཉིད་རབ་འབྲིང་ཐ་གསུམ་གྱི་ཚད་དང་ལྡན་པ་གསུམ་སྟེ།
(1)རབ་ཀྱི་ཚད་དང་ལྡན་པ་ནི། ཆོས་ཉིད་ཀྱི་བདེན་པ་མཐོང་བ་སྟེ་ཀླུ་སྒྲུབ་དང་། འཕགས་པ་ལྷ། ཐོགས་མེད་ལ་སོགས་པ་པ་ལྟ་བུའོ། །
(2)འབྲིང་གི་ཚད་དང་ལྡན་པ་ནི། ཡི་དམ་ལྷའི་ཞལ་གཟིགས་ཏེ་གནང་བ་ཐོབ་པ་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པ་ཙནྡ་པ་དང་། ཞི་བ་ལྷ་ལ་སོགས་པ་ལྟ་བུའོ། །
(3)ཐ་མའི་ཚད་དང་ལྡན་པ་ནི། ཐ་མ་ཡང་རིག་པའི་གནས་ལྔ་ལ་མཁས་ཤིང་བླ་མ་བརྒྱུད་པའི་བཤད་པའི་གདམས་ངག་ཡོད་པ་སྟེ། སློབ་དཔོན་དཔལ་སྦས་དང་། ཡེ་ཤེས་སྙིང་པོ་དང་། ཤཱཀྱ་བློ་གྲོས་ལ་སོགས་པ་ལྟ་བུའོ། །
2.བསྟན་བཅོས་ཀྱི་མཚན་ཉིད་ནི། རྒྱལ་བསྟན་དབང་བྱས། ། ཞེས་པ་སྟེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི ། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད ། ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། ། དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། ། ཞེས་བཤད་པ་ལྟར་དངོས་དང་བརྒྱུད་ནས་བདེ་བར་གཤེགས་པའི་གསུང་རབ་ཀྱི་དགོངས་པ་འགྲེལ་བའི་དབང་དུ་བྱས་ནས་རྩོམ་པ་པོ་ལྟ་བ་ངན་པ་དང་ཐེ་ཚོམ་སོགས་རྣམ་གཡེང་མེད་པའི་བློ་གྲོས་ཅན་གྱིས་བཤད་པའི་ངག་གང་ཞིག ། ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པའོ། །
3.བསྟན་བཅོས་ཀྱི་ངེས་ཚིག་ནི། འཆོས་སྐྱོབ་ཡོན་ཏན་ཅན། ། བསྟན་བཅོས་དེ་ནི་དྲུག་བྲལ་གསུམ་དུ་འདོད། ། མཚན་ཉིད་དེ་དང་ལྡན་པའི་བསྟན་བཅོས་ཀྱི་ངེས་ཚིག་ནི་ལེགས་སྦྱར་གྱི་སྐད་དུ་ཤཱ་སྟྲཱ་ཞེས་བྱ་སྟེ། དེའང་ཤཱ་ས་ན་འཆོས་པ། ཏྲ་ཡ་སྐྱོབ་པའི་ཕྱིར་བསྟན་བཅོས་ཞེས་བྱ་སྟེ། རྣམ་བཤད་རིགས་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། ། ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། ། འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། ། གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། ། ཅེས་སོ། ། ཡང་ཤཱ་སྟྲཱ་ཞེས་པ་ངེས་པར་བསྟན་པ་དང་། གཞུང་ལུགས་ལ་འཇུག་པ་འཆི་མེད་མཛོད་དུ་བཤད་པ་ལྟར། ས་སྡེ་ལས། བསྟན་བཅོས་དྲུག་བྲལ་སྟེ།
(1)དོན་མེད་པའི་བསྟན་བཅོས།
(2)དོན་ལོག་པའི་བསྟན་བཅོས།
(3)ཐོས་པ་ལྷུར་ལེན་པའི་བསྟན་བཅོས།
(4)རྩོད་པ་ལྷུར་ལེན་པའི་བསྟན་བཅོས།
(5)ངན་གཡོའི་བསྟན་བཅོས།
(6)བརྩེ་བ་དང་བྲལ་བའི་བསྟན་བཅོས་བཅས་སོ། ། དོན་མེད་པའི་བསྟན་བཅོས་ནི། །
(1)རིག་བྱེད་བཞི་ལ་སོགས་པ་ཡང་དག་པའི་དོན་མེད་པའི་བསྟན་བཅོས།
(2)དོན་ལོག་པའི་བསྟན་བཅོས་ནི། རྟག་ཆད་དུ་ལྟ་བ་ལ་སོགས་པས་གྲོལ་བ་འགྲུབ་པར་སྨྲ་བ་སོགས་དོན་ལོག་པའི་བསྟན་བཅོས།
(3)ཐོས་པ་ལྷུར་ལེན་པའི་བསྟན་བཅོས་ནི། སྙན་ངག་ལ་སོགས་པ་ཐོས་པ་ལྷུར་ལེན་པའི་བསྟན་བཅོས།
(4)རྩོད་པ་ལྷུར་ལེན་པའི་བསྟན་བཅོས་ནི། རྟོག་གེ་ལ་སོགས་པའི་རྩོད་པ་ལྷུར་ལེན་པའི་བསྟན་བཅོས།
(5)ངན་གཡོའི་བསྟན་བཅོས་ནི། གཡུལ་ལས་རྣམ་པར་རྒྱལ་བ་ལ་སོགས་པ་ངན་གཡོའི་བསྟན་བཅོས།
(6)བརྩེ་བ་དང་བྲལ་བའི་བསྟན་བཅོས་ནི། བ་གླང་ལ་སོགས་པའི་མཆོད་སྦྱིན་ཆོས་སུ་སྨྲ་བའི་རང་གཞན་ལ་འཚེ་བ་ཅན་བརྩེ་བ་དང་བྲལ་བའི་བསྟན་བཅོས་ངན་པ་དྲུག་དང་བྲལ་བའོ། །
སངས་རྒྱས་པ་དག་གི་བླང་བྱར་འདོད་པའི་བསྟན་བཅོས་གསུམ་སྟེ།
(1)གནས་སྐབས་བདེ་ཞིང་མཐར་ཐུག་གྲོལ་བ་འགྲུབ་པའི་དོན་ཆེན་པོ་དང་ལྡན་པའི་བསྟན་བཅོས།
(2)བྱང་ཆུབ་སྒྲུབ་པའི་བསྟན་བཅོས།
(3)འཁོར་བའི་སྡུག་བསྔལ་མཐའ་དག་སྤྱོང་བའི་བསྟན་བཅོས་དང་གསུམ་མོ། །
4.བསྟན་བཅོས་ཀྱི་དབྱེ་བ་ནི། དེ་ལ་གསུམ་སྟེ།
(1)བྱེད་ལས་ཀྱི་སྒོ་ནས་དབྱེ་བ་ནི། དེ་ལ་གསུམ་སྟེ།
[1]རྒྱུ་ཆེན་པོ་སྡུད་པའི་བསྟན་བཅོས་མངོན་པ་མཛོད་ལྟ་བུ།
[2]ཟབ་མོ་རྣམ་པར་འབྱེད་པའི་བསྟན་བཅོས་མངོན་རྟོགས་རྒྱུན་ལྟ་བུ།
[3]འཁྲུགས་པ་གོ་རིམ་དུ་སྡེབ་པའི་བསྟན་བཅོས་མདོ་སྡེ་རྒྱན་ལྟ་བུའོ། །
(2)བཤད་བྱའི་སྒོ་ནས་དབྱེ་བ་ནི། དེ་ལ་གཉིས་ཏེ།
[1]བཀའ་སྤྱིའི་དགོངས་འགྲེལ་ནི། ཀ་ཙཱན་ལ་སོགས་བརྡ་སྤྲོད་པ་དང་། སྡེ་བདུན་སོགས་ཚད་མ་རིག་པའི་བསྟན་བཅོས་རྣམས་སོ། །
[2]བྱེ་བྲག་གི་དགོངས་འགྲེལ་ལའང་འཁོར་ལོ་གསུམ་གྱི་ལྟ་སྤྱོད་འགྲེལ་པའི་དབྱེ་བས་ཐ་དད་པ་མང་དུ་འགྱུར་ཏེ། འཁོར་ལོ་དང་པོའི་ལྟ་བའི་ཆ་འགྲེལ་པ་ལ། ཉན་ཐོས་ཀྱི་མངོན་པ་སྡེ་བདུན། བྱེ་བྲག་བཤད་མཛོད་ཆེན་མོ། དེ་དག་གི་དོན་བསྡུས་མངོན་པ་མངོན་པ་མཛོད་ལ་སོགས་པའོ། ། སྤྱོད་པའི་ཆ་འགྲེལ་པ་ལ་འདུལ་བ་མདོ་རྩ་དང་མེ་ཏོག་ཕྲེང་རྒྱུད་ལ་སོགས་པའོ། །
འཁོར་ལོ་བར་པའི་ལྟ་བའི་ཆ་འགྲེལ་པ་ལ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་བྱེད་པ་དབུ་མ་རིགས་ཚོགས་དྲུག་སོགས་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པ་མངོན་རྟོགས་རྒྱན་སོགས་སོ། ། སྤྱོད་པའི་ཆ་འགྲེལ་པ་ལ་བསླབ་པ་ཀུན་ལས་བཏུས་སོགས་དང་། ལྟ་སྤྱོད་གཉིས་ཆར་གྱི་འགྲེལ་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་སོ། །
འཁོར་ལོ་ཐ་མའི་ལྟ་བའི་ཆ་འགྲེལ་པ་ལ། མདོ་སྡེ་རྒྱུན་དང་རྣམ་འབྱེད་གཉིས། རྒྱུད་བླ་སོགས་སོ། ། སྤྱོད་པའི་ཆ་འགྲེལ་པ་ལ་སྡོམ་པ་ཉི་ཤུ་པ་སོགས་སོ། །
(3)བརྗོད་བྱའི་སྒོ་ནས་དབྱེ་བ་ནི། བརྗོད་བྱ་ཇི་སྙེད་པ་དང་ཇི་ལྟ་བ། ། ཐར་དང་རྣམ་མཁྱེན་གཙོ་བོར་སྟོན་རྣམས་ཏེ། ། བསྟན་བཅོས་རྣམས་བརྗོད་བྱའི་སྒོ་ནས་དབྱེ་བ་གསུམ་སྟེ། ཇི་སྙེད་པ་སྟོན་པ་དང་། ཇི་ལྟ་བ་སྟོན་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་སྟོན་པའོ། ། ཇི་སྙེད་པ་སྟོན་པའོང་ཕལ་པ་དང་མཆོག་གཉིས་ལས་སྔ་མ་ནི་ལུགས་ཀྱི་བསྟན་བཅོས་སོགས་དང་། ཕྱི་མ་ནི་རིག་པའི་གནས་ལྔའི་བསྟན་བཅོས་རྣམས་ཏེ། དེ་ལས་ནང་རིག་པ་སྟོན་པ་ནི་ཕུང་པོ་ལྔའི་རབ་བྱེད་སོགས་སོ། ། ཇི་ལྟ་བ་སྟོན་པ་བདེན་གཉིས་རྣམ་ངེས་དང་། སུམ་ཅུ་པ་དང་། དབུ་མ་རྒྱུན་སོགས་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་སྟོན་པ་བྱུང་ས་དང་དགོངས་རྒྱན་ལ་སོགས་པའོ། །
5.ཞར་བྱུང་བླང་དོར་གྱི་གནས་བཤད་པ་ནི། ས་བཅུའི་དབང་ཕྱུག་རྒྱན་དྲུག་ལ་སོགས་པའི། ། གཞུང་རྣམས་རྒྱལ་བའི་བཀའ་བཞིན་སྤྱི་བོར་བླང་། ། བོད་གཞུང་རྙིང་པ་རྣམས་ཀྱང་ཁྱད་འཕགས་སོ། ། བསྟན་པ་ནུབ་ཀ་མའི་སྐབས་འདིར་མི་རྣམས་བསོད་རྣམས་དང་བློ་གྲོས་ཆུང་བའི་དབང་གིས་རྒྱལ་བའི་བཀའ་ལས་བསྟན་བཅོས། དེའང་རྒྱ་གཞུང་ལས་བོད་གཞུང་། དེའང་སྔར་བྱུང་རྣམས་ལས་ཕྱིས་བྱུང་རྣམས་རིམ་གྱིས་རྩིས་སུ་བྱེད་དོ། ། དེ་ལ་འཇིག་རྟེན་གྱི་ཁམས་འདི་ན་ཚིག་གི་ནང་ནས་མཆོག་གམ་ཕུལ་དུ་གྱུར་པ་ནི་རྒྱལ་བའི་གསུང་རབ་རིན་པོ་ཆེ་དོན་མ་གོ་ཡང་ཚིག་ཀློག་པ་ཁོ་ན་ཙམ་ལ་བྱིན་རླབས་དང་དགོས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་སྲོག་ལྟར་དུ་གཅེས་པར་བྱ་བ་ཡིན་ལ། དེའི་འོག་ཏུ་བྱམས་ཆོས་སྡེ་ལྔ། སེམས་འགྲེལ་སྐོར་གསུམ་སོགས་ས་བཅུའི་དབང་ཕྱུག་གི་གསུང་རྣམས་དང་། སངས་རྒྱས་གཉིས་པ་པདྨ་ཀ་རའི་རྡོ་རྗེའི་གསུང་ཡིན་ངེས་པ་རྣམས་དང་། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག ། སོགས་ཁོངས་ནས་ཆེན་པོ་བཞི། རྨད་དུ་བྱུང་བའི་སློབ་དཔོན་གཉིས། མཁས་པ་སྒོ་དྲུག ། ཇོ་བོ་རྗེ་དང་ཨ་བྷ་མཱ་ཀ་ར་སོགས་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་མཛད་པར་ངེས་པའི་གཞུང་རྣམས་ཀྱང་རྒྱལ་བའི་བཀའ་བཞིན་དུ་སྤྱི་བོར་བླང་བར་རིགས་ཤིང་། བོད་དུ་སྔ་འགྱུར་གྱི་ལོ་ཙཱ་ཆེན་པོ་རྣམས་དང་། ཕྱི་དང་བཤད་སྒྲུབ་ཀྱི་རྩ་བའི་ཤིང་རྟ་ཆེན་པོ་རྣམས་ཀྱི་བསྟན་བཅོས་ཕྱོགས་སུ་མ་ལྷུང་བ་རྣམས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་པས་རྒྱ་གཞུང་རྩོད་མེད་རྣམས་དང་རྗེས་མཐུན་པར་བལྟ་ཞིང་དང་དུ་བླང་བར་བྱ་བ་ཡིན་ལ། པཎྜི་ཏ་ཕལ་པས་མཛད་པའི་རྒྱུ་གཞུང་དང་། བོད་ཀྱི་བསྟན་བཅོས་ཕྱོགས་རེའི་མིག་ཅན་དག་གིས་སྦྱར་བ་རྣམས་དང་། ཁྱད་པར་ཕྱི་རབས་ཀྱི་རྟོག་གེ་པ་རྣམས་དང་། བློ་གྲོས་རྨོངས་ཀྱང་གཡར་ཁྲལ་དུ་ལད་མོ་ཟླ་བ་རྣམས་དང་། ཆོས་ལུགས་སོ་སོའི་ཁ་འཛིན་ཅན་རྣམས་ཀྱིས་ཅི་ཐོད་དུ་སྦྱར་བའི་ཡིག་བྲིས་རྣམས་ནི་དུས་དང་བློ་གྲོས་གྲོན་པའི་རྒྱུ་དང་། དེ་ལྟ་བུས་མི་དགེ་བའི་བཤེས་གཉེན་བྱེད་པའི་ཉེན་ཡོད་པས་ཡིད་རྟོན་བྱ་བའི་ཡུལ་མ་ཡིན་ཏེ། རྗེ་བཙུན་ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོས། ཕྱི་རབས་ཀྱི་གཏམ་ལ་མ་དགེས་ཤིག ། སྔོན་གྱི་མཁས་པ་གྲུབ་ཐོབ་ཡིན། ། དེང་སང་གི་མཁས་པ་མཁས་རྫུར་འདུག ། ཅེས་གསུངས་པ་བཞིན་ནོ། ། བསྟན་པ་དམ་པའི་ཆོས་ངོས་གཟུང་བའི་སྐབས་དང་པོའི་འགྲེལ་པའོ། ། |
དགོངས་ཚད་ལྔ། |
དེ་ཡང་། གཡུང་དྲུང་གནས་བཞིའི་བསྟོད་པའི་མཆན་འགྲེལ་ལས་བྱུང་བ་སྟེ།
1.ཡུལ་འོལ་མོ་ལུང་རིང་།
2.མཁར་བར་པོ་སོ་བརྒྱད།
3.ནོར་རིན་པོ་ཆེའི་གཏེར།
4.ཡབ་རྒྱལ་བོན་ཐོད་དཀར།
5.ཡུམ་ཕྱི་རྒྱལ་བཞད་མ་དང་ལྔའོ། ། |
དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་གནས་ལྔ། |
དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།
1.དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ངེས་པའི་དོན་ཟབ་མོ། ཟབ་པར་སྣང་བ། སྟོང་པ་ཉིད་དང་ལྡན་པ། རྐྱེན་འདི་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པ་གང་ཡིན་པའོ། །
2.འདུལ་བའི་ཉེས་པ་ལ་མཁས་པ་དང་། ཉེས་པ་ལས་འབྱིན་པ་ལ་མཁས་པ་པའོ། །
3.མ་མོ་ལ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྣམ་པར་གཞག་པའོ། །
4.དགོངས་པ་ཅན་བརྟག་དཀའ་བའི་ཆོས་ཀྱི་མིང་དང་། ། དོན་རྣམ་པར་འབྱེད་པའོ། །
5.ཆོས་ཐམས་ཅད་ཀྱི་ཆོས་དང་། དོན་དང་། ངེས་པའི་ཚིག་དང་། རྣམ་པར་རབ་ཏུ་དབྱེ་བའོ། ། |
དགོངས་པ་ཀློང་དུ་གྱུར་པའི་གདེང་དྲུག |
1.ཆོས་རྣམས་མཐའ་བྲལ་དབུ་མར་རྟོགས་པ་དང་། །
2. ཟུང་འཇུག་འོད་གསལ་ཆེན་པོར་རྟོགས་པ་དང་། །
3. མཉམ་ཉིད་བདེ་བ་ཆེན་པོར་རྟོགས་པ་དང་། །
4. གཉིས་མེད་ཐིག་ལེ་ཉག་གཅིག་རྟོགས་པ་དང་། །
5. ལྷུན་གྲུབ་ཕྱོགས་བྲལ་ཆེན་པོར་རྟོགས་པ་དང་། །
6. ཀ་དག་རྣལ་མར་རྟོགས་པ་མཐར་ཕྱིན་ཡང་། ། དེ་དག་རྟོགས་པར་འདོད་པ་པོ་མེད་ཅིང་། ། རྟོགས་པ་ཉིད་ལ་རློམ་པའི་སེམས་མེད་པས། ། སྒྱུ་མའི་རྣལ་འབྱོར་དཔེ་དང་བྲལ་བ་ཡིན། །
དེ་ལྟར་རྟོགས་པའི་གྲོལ་ཚུལ་རྣམ་དྲུག་ནི། །ཕྱི་རོལ་ཡུལ་རྣམས་སྣང་བའི་དུས་ཉིད་ནས། ། སྣང་ཐོག་གྲོལ་བ་ཆབ་རོམ་ཆུར་ཞུ་འདྲ། ། ནང་དུ་རིག་པའི་ཆོས་རྣམས་རིག་དུས་ནས། ། རིག་ཐོག་གྲོལ་བ་ཆུ་བུར་ཆུར་ཐིམ་འདྲ། ། བར་དུ་འགྱུ་བའི་ཡིད་གཉིས་འགྱུ་དུས་ན། ། འགྱུ་ཐོག་གྲོལ་བ་བར་སྣང་གློག་འགྱུ་འདྲ། ། སྒྲ་བཏགས་མིང་རྣམས་གྲག་པའི་དུས་ཉིད་ནས། ། མིང་ཐོག་གྲོལ་བ་བྲག་ཅའི་སྒྲ་དབྱངས་འདྲ། ། གཟུང་བའི་གྲུབ་མཐའ་འདོད་པའི་དུས་ཉིད་ནས། ། འདོད་ཐོག་གྲོལ་བ་མཁའ་ལ་འཇའ་ཡལ་འདྲ། ། བསྒྲུབས་པའི་འབྲས་བུ་གྲུབ་ཐོག་ཉིད་གྲོལ་བ། ། ནོར་བུའི་རྒྱལ་ལ་དགོས་འདོད་འབྱུང་བཞིན་ཏེ། ། རང་བཞིན་རང་གྲོལ་གཉེན་པོ་རང་སར་དེངས། ། མིང་མེད་ཡུལ་བྲལ་དགོངས་པར་ལྷུན་གྱིས་གྲུབ། ། དེ་ལྟར་རབ་རྣམས་སྐྱེ་ཤི་བར་དོར་གྲོལ། །
འབྲིང་རྣམས་ཆོས་ཉིད་བར་དོར་གྲོལ་བ་ནི། ། དྲུག་ཚན་གཉིས་ཀྱིས་ཤེས་པར་བྱ་བ་ལས། ། ལུས་རྒྱའི་དོར་ལུགས་རྣམ་པ་དྲུག་པོ་ནི། ། ཕྱི་ནང་སེམས་སུ་འདུས་པའི་དུས་ཀྱི་ཚེ། ། གཟུང་བའི་ཡུལ་དང་བྲལ་བའི་དུས་ཡིན་ལ། ། སེམས་ཉིད་ཡེ་ཤེས་དབང་དུ་འདུས་པའི་ཚེ། ། འཛིན་པའི་སེམས་དང་རང་བཞིན་བྲལ་བ་ཡིན། ། རིག་པ་ཡེ་ཤེས་བག་ཆགས་སྦུབས་འདུས་ཚེ། ། ས་རླུང་ཆུ་ལ་ཐིམ་པས་ལུས་མི་ཐེགས། ། འཕོ་བ་བྱ་ཞིང་བཤང་གཅི་དྲི་ངན་འབྱུང་། ། ཆུ་རླུང་མེ་རུ་ཐིམ་པས་ལུས་ཀྱི་ཡན་ལག་འཕྲ། ། བྱད་ལ་རྡུལ་ཆགས་ཁ་ཆུ་སྣ་ཆུ་འཛག ། མེ་རླུང་རླུང་ཐིམ་ཁ་སྣའི་ཆུ་སྐམ་ཞིང་། ། ལུས་ཀྱི་དྲོད་ཤོར་ཁ་སྣའི་གཟི་མདངས་སྡུད། ། འདི་ཡི་དུས་སུ་རྐང་མཐིལ་དྲོད་འདུས་ན། ། དམྱལ་བར་སྐྱེ་ཞིང་གསང་བར་ཡི་དྭགས་དང་། ། ལྟེ་བ་བྱོལ་སོང་སྙིང་ག་མི་དང་ནི། ། མགྲིན་པ་ལྷ་མིན་མིག་འདུས་ལྷར་སྐྱེ་ལ། ། སྤྱི་བོར་དྲོད་ཡལ་བླ་མེད་འབྲས་བུ་འཐོབ། ། རླུང་གི་རླུང་རྣམས་རྣམ་ཤེས་ཐིམ་པའི་དུས། ། ཕྱི་དབུགས་བརྩེགས་འབྱུང་ནང་དུ་སྡུད་མི་ཤེས། ། མིག་གི་རང་འོད་སྒྲོན་མ་ཡལ་འགྱུར་ཞིང་། ། ཕྱི་ཡི་དབུགས་འཆད་རྣམ་ཤེས་འོད་གསལ་ཐིམ། ། ནང་དབུགས་འཆད་ཅིང་ལུས་སེམས་འབྲལ་བ་སྟེ། ། ལུས་དེ་དེར་བཞག་ཡེ་ཤེས་དབྱིངས་ལ་འཆར། ། འདི་དག་ཐོག་མར་འབྱུང་བའི་ཐིམ་ཚུལ་ཡིན། །
དྲུག་ཚན་གཉིས་པ་དབང་པོའི་གྲོལ་ཚུལ་ལ། ། རྣམ་པ་དྲུག་ལས་དང་པོ་བསྟན་པ་ནི། ། དབང་པོ་རབ་ཀྱི་རྣོན་པོ་དེ་ཉིད་ལ། ། བར་དོ་མི་འཆར་ལུས་རྒྱ་བྲལ་མ་ཐག ། ཆོས་ཉིད་ལྷག་མཐོང་ཆེན་པོར་རང་གསལ་ནས། ། སྤྲོས་པའི་མཐའ་དང་བྲལ་བར་གནས་པ་ཡིན། །
གཉིས་པ་དབང་པོ་རབ་ཀྱི་རྟུལ་པོ་ནི། ། སྐད་ཅིག་གསུམ་པར་གྲོལ་བ་ཐོབ་པ་སྟེ། ། ལུས་སེམས་བྲལ་བའི་སྐད་ཅིག་པོ་ལ། ། རང་གསལ་ཆོས་སྐུ་རྟོག་བྲལ་ཆེན་པོ་འཆར། ། སྐད་གཅིག་གཉིས་པར་ལོངས་སྐུ་ཟེར་དུ་འཆར། ། སྐད་ཅིག་གསུམ་པར་འོད་གསལ་རྣམ་གྲོལ་ནས། ། མཁའ་ལྟར་མཉམ་ཉིད་ཆོས་སྐུའི་ངང་དུ་གནས། །
གསུམ་པ་འབྲིང་གི་རྣོན་པོ་ཞག་གཅིག་གམ། ། གསུམ་དུ་རྟོག་བྲལ་བརྒྱལ་ཐབས་གནས་པ་སྟེ། ། དེ་ཉིད་སངས་ནས་ཡེ་ཤེས་འོད་དུ་འཆར། ། སྐུ་ཡི་རང་འོད་གསུང་གི་རང་སྒྲ་དང་། ། ཐུགས་ཀྱི་ཟེར་གདངས་ཞག་ལྔར་འཆར་དུས་སུ། ། སྐུ་གསུང་ཐུགས་སུ་རང་ངོ་ཤེས་པས་གྲོལ། །
བཞི་པ་དབང་པོ་འབྲིང་གི་རྟུལ་པོ་ནི། ། ཞག་གསུམ་པར་རམ་ལྔ་རུ་བརྒྱལ་ཐབས་གནས། ། དེ་སངས་ཡེ་ཤེས་ལྔ་འཕྲོ་འོད་གསལ་ཏེ། ། དངངས་སྐྲག་མ་སྐྱེས་འཇིགས་མེད་རང་སྣང་གྲོལ། །
ལྔ་པ་དབང་པོ་ཐ་མའི་རྣོན་པོ་ནི། ། ཞག་གསུམ་བར་དུ་རིག་པ་བརྒྱལ་ཐབས་གནས། ། དེ་སངས་ཡེ་ཤེས་ལྔ་ཡི་འོད་གསལ་ཏེ། ། ཞག་ལྔ་ལོན་ནས་ཡེ་ཤེས་སྣང་བ་ནུབ། །འོད་ལས་ཡུལ་དང་སྒྲ་ལས་ཟེར་དང་ནི། ། ཟེར་ལས་རྟོག་པར་ཤར་དང་དེ་ཡི་ཚེ། ། སྔོན་གྱི་ཡུལ་དང་ནོར་དང་མི་རྣམས་ཀྱི།
དྲན་པ་ཟད་དུས་སྔ་མའི་ཆོས་དྲན་ནས། ། གཉེན་པོས་སད་དེ་འཛིན་མེད་རང་གསལ་གྱི། ། ཡེ་ཤེས་རང་ཤར་བར་དོའི་སྣང་བ་གྲོལ། ། ཆོས་དབྱིངས་ངང་དུ་མངོན་པར་བྱང་ཆུབ་ཡིན། །
དྲུག་པ་དབང་པོ་ཐ་མའི་རྟུལ་པོ་ནི། ། ཞག་གཅིག་རིག་པ་བརྒྱལ་ཐབས་གནས་པ་ལས། ། དེ་སངས་ཡེ་ཤེས་སྣང་བ་ཞག་གཅིག་འཆར། ། དེ་ནུབ་སྔ་མའི་གཟུགས་སུ་ཡོད་སྙམ་ཞིང་། ། དབང་པོ་ཀུན་ཚང་གར་ཡང་ཐོགས་མེད་རྒྱུ། ། རྣམ་ཤེས་རྟེན་བྲལ་ཡུལ་དང་འདུག་ས་ཚོལ། ། ལས་ཀྱི་མངལ་སྒོ་ཐ་དད་འདུག་པ་ལས། ། དེ་ཉིད་མི་ལུས་ཡོན་ཏན་བདུན་ཐོབ་ནས། ། ཟབ་མོའི་ཆོས་ཕྲད་སྐྱེ་བ་དེས་གྲོལ་འགྱུར། ། དེ་ཡང་ཤིན་ཏུ་སྡིག་པ་ཅན་རྣམས་ལ། ། བར་དོ་མི་སྣང་ལུས་སེམས་བྲལ་མ་ཐག ། རང་སྣང་འཁྲུལ་ནས་དམྱལ་བར་སྣང་བ་ཡིན། ། སྡིག་པ་འབྲིང་སྤྱད་བར་དོ་ཡུན་ཐུང་གནས། ། དེ་ནས་ངན་སོང་གཞན་གཉིས་མྱོང་བ་ཡིན། ། དགེ་སྡིག་ཆ་སྙོམས་བར་དོ་ཡུན་རིང་སྟེ། ། ཞག་གྲངས་བཞི་བཅུ་རྩ་དགུ་གནས་པ་ལས། ། དེ་ནས་ལས་ཀྱིས་ལུས་ལེན་འགྱུར་བ་ཡིན། ། དེ་ཡང་ཆོས་ཉིད་བར་དོ་ནུབ་པ་ལས། ། རྟུལ་པོ་གཉིས་ལ་སྲིད་པའི་བར་དོ་འཆར། ། དེ་བས་ད་ལྟ་མི་དགེ་རྣམ་སྤངས་ཏེ། ། དགེ་སྒྲུབ་སེམས་ཉིད་གཏན་སྲིད་ཟིན་པ་གཅེས། ། ཕན་པའི་གདམས་ངག་ཡིན་ནོ་སེམས་ལ་ཞོག ། ཞེས་སོ། ། |
དགོངས་པ་དཔག་པར་དཀའ་བའི་ཆོས་དྲུག |
1.རྒྱལ་སྲས་ཀུན་གྱི་སྤྱོད་པ་མ་ལུས་པ། ། གཅིག་ཏུ་བསྡོམས་པ་བདག་གིས་སྤྱད་སྙམ་དང་། །
2. བདག་གིས་བྱང་ཆུབ་ཐོབ་ཚེ་བདེ་གཤེགས་རྣམས། ། ཀུན་མཉམ་འཕྲིན་ལས་བདག་གིས་བསྒྲུབ་སྙམ་དང་། །
3. སེམས་ཅན་རེ་རེའི་ཕྱིར་ཡང་བདག་གིས་ནི། ། བསྐལ་པ་གྲངས་མེད་སྡུག་བསྔལ་བཟོད་སྙམ་དང་། །
4. རྒྱལ་སྲས་རྣམས་ཀྱིས་སྤྱད་པར་མ་ནུས་པའི། ། སེམས་ཅན་དོན་རབ་དཀའ་བ་སྤྱད་སྙམ་དང་། །
5. དཔག་ཏུ་མེད་པའི་ཞིང་ཁམས་རེ་རེར་ཡང་། ། སངས་རྒྱས་མཛད་པ་བསམ་ཡས་བསྒྲུབ་སྙམ་དང་། །
6. དེ་དག་བདག་གིས་རྫོགས་པར་མ་བྱས་ན། ། རྒྱལ་བ་སྲས་བཅས་བསླུས་པར་འགྱུར་སྙམ་པའི། ། གོ་ཆ་ཆེན་པོ་དྲུག་ནི་རྟག་ཏུ་བགོ ། ཞེས་སོ། ། |
མཉམ་རྗེས་འབྲལ་མེད་དགོངས་པ་རྣམ་དྲུག |
1.དཔེ་རྣམས་དྲུག་གིས་ཤེས་པར་བྱ་བ་ལས། ། དང་པོ་བར་སྣང་སེར་བུའི་དཔེས་མཚོན་ནས། ། གསལ་དག་ཡེ་ཤེས་ནམ་མཁའ་ལྟ་བུའི་ངང་། ། འགྱུ་བ་དག་གྲོལ་རང་དངས་ཉམས་སུ་བླང་། ། ཟང་ཐལ་འཛིན་མེད་ཉམས་སུ་མྱོང་བ་ཡིན། ། དེ་ལྟར་མ་ཤེས་རྩེ་གཅིག་ཏིང་འཛིན་ནི། ། མར་མེ་རླུང་གིས་བསྐྱོད་བཞིན་རྐྱེན་མི་ཐུབ། །
2. གཉིས་པ་ནམས་ལངས་ཉི་ཤར་དཔེས་མཚོན་དང་། ། ངང་དྭངས་གསལ་འགྲིབ་མཐའ་བྲལ་ཉམས་སུ་བླང་། ། རང་དག་གསལ་དྭངས་ཡེ་ཤེས་མྱོང་བ་ཡིན། ། དེ་ལྟར་མ་ཤེས་རིམས་ནད་ཐེབས་པ་ལྟར། ། བྱིང་རྨུགས་འཕྲོ་རྒོད་གནས་ལུགས་དོན་ལ་སྒྲིབ། །
3. གསུམ་པ་རླུང་མེད་མར་མེའི་དཔེ་མཚོན་ནས། ། སྣང་སེམས་གཡོ་འགུལ་མེད་པར་ཉམས་སུ་བླང་། ། མ་བཅོས་མཉམ་པ་ཆེན་པོ་མྱོང་བ་ཡིན། ། དེ་ལྟར་མ་ཤེས་བུ་ཆུང་ངན་པ་ལྟར། ། ཐུན་མཚམས་བསྒོམས་པས་དགོས་དུས་མི་སྟོངས་ཉིད། །
4. བཞི་པ་ནམ་མཁའ་ཀློང་ཡངས་དཔེས་མཚོན་པ། ། གསལ་ཁྱབ་མཐའ་སྟོང་ཕྱམ་གདལ་ཉམས་སུ་བླང་། ། རེ་དོགས་འཛིན་གྲོལ་དགོངས་པ་ཉམས་སུ་མྱོང་། ། དེ་ལྟར་མ་ཤེས་བྱ་བྲན་གཤོག་ཆག་གིས། ། མཁའ་ལ་འཕུར་བཞིན་བརྩོན་འགྲུས་གཡང་སར་ལྷུང་། །
5. རྒྱ་མཚོ་རྦ་རླབས་དཔེས་མཚོན་ནས། ། རང་བྱུང་ཀློང་ཐིམ་དང་དུ་ཉམས་སུ་བླང་། ། སྐྱེ་འགག་གནས་གསུམ་ཆོས་ཉིད་ཀློང་འདྲེས་མྱོང་། ། དེ་ལྟར་མ་ཤེས་གཞི་ལ་གཉིས་བཟུང་ན། ། དགག་སྒྲུབ་གཟུང་འཛིན་ཡུལ་དུ་འབྲལ་མི་ནུས། །
6. དྲུག་པ་ཆུ་ཕྲན་རྒྱ་མཚོ་དཔེས་མཚོན་ནས། ། རྟོག་ཚོགས་སེམས་ཉིད་ངང་འདུས་ཉམས་སུ་བླང་། ། དུ་མ་རོ་གཅིག་ཐིག་ལེ་ཉག་གཅིག་མྱོང་། ། དེ་ལྟར་མ་ཤེས་ཡུངས་ཀར་བང་འཐོར་ལྟར། ། རྟོག་པའི་རྣམ་གྲངས་སྙིང་པོས་འདུལ་མི་ནུས། ། དེ་འདྲའི་མན་ངག་གནད་དུ་བསྣུན་ཤེས་ན། ། ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཆེན་པོ་ཡིན། ། དེ་ལྟར་མ་ཤེས་ཆུ་ཕྲན་སྐམས་པ་ལྟར། ། ལྟ་སྒོམ་སྤྱོད་པས་རྐྱེན་མི་ཐུབ་པ་ཡིན། ། ཞེས་སོ། ། |
དགོངས་པའི་རྩལ་བདུན། |
1.གསེར་གྱི་བྱང་བུ་འབྲི་གཞི་ཕུན་སུམ་ཚོགས་པར་དགོངས་པ།
2. བཻ་ཌཱུརྱ་ཞུན་མས་བྲིས་པ་རྒྱུ་ཕུན་སུམ་ཚོགས་པར་དགོངས་པ།
3. རིན་པོ་ཆེ་སྣ་ཚོགས་པའི་སྒྲོམ་བུ་སྣོད་ངོ་མཚར་བའི་དགོངས་པ།
4. ནམ་མཁའ་འབྱུང་བཞིས་མི་འཇིག་པས་གཏེར་གནས་དམ་པར་དགོངས་པ།
5. མ་དང་མཁའ་འགྲོ་རྣམས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་གཏེར་སྲུང་ཁྱད་པར་ཅན་དུ་དགོངས་པ།
6. ཆོས་བདག་རྒྱལ་པོ་ཛཿ ལས་ཅན་དབང་པོ་ཡང་རབ་རྟོགས་གྲོལ་དུས་མཉམ་དུ་དགོངས་པ།
7. སྐྱེ་འཕགས་བྱང་སེམས་ས་ལ་གནས་པ་སོགས་གྲུབ་བརྙེས་བརྒྱུད་འཛིན་དར་རྒྱས་སུ་འབྱུང་བ་ལ་དགོངས་པ་རྣམས་སོ། ། |
ལྡེམ་དགོངས་ཅན་བརྒྱད། |
དེ་ཡང་། ལྡེམ་པོར་དགོངས་པ་བཞི་དང་། དགོངས་པ་ཅན་བཞི་བཅས་སོ། ། དེ་དག་ལས།
1. གཞུག་པ་ལྡེམ་པོར་དགོངས་པ་ནི། འདི་ལྟར་འདུལ་བྱ་འགའ་ཞིག་ཡང་དག་པའི་ལམ་ལ་ཞུགས་པའི་ཆེད་དུ་བརྫུས་ཏེ་བྱུང་བའི་སེམས་ཅན་དང་གཟུགས་ལ་སོགས་པ་ཡོད་པར་གསུངས་པ་ལྟ་བུའོ། །
2. མཚན་ཉིད་ལྡེམ་པོར་དགོངས་པ་ནི། ངོ་བོ་ཉིད་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ཡོད་པ་དང་། སྒྱུ་མ་དང་ནམ་མཁའ་དང་འདྲའོ་ཞེས་གསུངས་པ་ལྟ་བུའོ། །
3. གཉེན་པོ་ལྡེམ་པོར་དགོངས་པ་ནི། ཉོན་མོངས་པ་རྣམས་ཀྱི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བསྟན་པའོ། །
4. བསྒྱུར་པ་ལྡེམ་པོར་དགོངས་པ་ནི། དོན་ཟབ་མོའི་ཆེད་དུ་ཡི་གེ་རྣམས་བསྒྱུར་ཏེ་གསུངས་པ་ལྟ་བུའོ། ། དགོངས་པ་ཅན་བཞི་ལ།
5. ཆོས་སྐུ་མཉམ་པ་ཉིད་ལ་དགོངས་པ་ནི། སངས་རྒྱས་ལ་བརྙས་པའི་གཉེན་པོར་ང་ཉིད་དེའི་ཚེ་དེའི་དུས་ན་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏེ་ཞེས་གསུངས་པ་ལྟ་བུའོ། །
6. དོན་གཞན་ལ་དགོངས་པ་ནི། ཆོས་བརྙས་པའི་གཉེན་པོར་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་རྙེད་ལ་བསྙེན་བཀུར་བྱས་ན་ཆོས་འདི་ཐོས་པར་འགྱུར་ཞེས་པ་ལྟ་བུའོ། །
7. དུས་གཞན་ལ་དགོངས་པ་ནི། ལེ་ལོའི་གཉེན་པོར་གང་དག་བརྩོན་འགྲུས་བྱས་ཏེ་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ། ། ཞེས་པ་ལྟ་བུའོ། །
8. གང་ཟག་གི་བསམ་པ་ལ་དགོངས་པ་ནི། སྦྱིན་པ་ལ་མཆོག་འཛིན་གྱི་གཉེན་པོར། སྦྱིན་པ་ནི་དམན་པ། ཚུལ་ཁྲིམས་ནི་མཆོག་ཅེས་གསུངས་པ་ལྟ་བུའོ། ། |
དགོངས་ཏེ་བཤད་པ་ལ་མཁས་པ་བཅུ། |
དེ་ཡང་། ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དགོངས་ཏེ་བཤད་པ་ལ་མཁས་པ་བཅུ་སྟེ།
1. འདི་ལྟར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ལ་དགོངས་ཏེ་བཤད་པ་མཁས་པ།
2. སྐྱེ་བའི་སྐྱེ་མཆེད་ཐམས་ཅད་ལ་དགོངས་ཏེ་བཤད་པ་ལ་མཁས་པ།
3. བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་ཐམས་ཅད་ལ་དགོངས་ཏེ་བཤད་པ་ལ་མཁས་པ།
4. སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་རྣམ་པར་སྨིན་པར་འཇུག་པ་ཐམས་ཅད་ལ་དགོངས་ཏེ་བཤད་པ་ལ་མཁས་པ།
5. སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་ལྡང་བ་ལ་དགོངས་ཏེ་བཤད་པ་ལ་མཁས་པ།
6. ཆོས་ཐམས་ཅད་ཆགས་པ་མེད་པའི་སྒོའི་མཐར་ཕྱིན་པ་ལ་བསྒྲིབས་པ་མེད་པའི་ཚུལ་གྱིས་དགོངས་ཏེ་བཤད་པ་ལ་མཁས་པ།
7. གཞན་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའི་དབྱིངས་ཀྱི་ཕྱོགས་རེ་རེ་དང་། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རེ་རེ་ན་ཡང་། འཇིག་རྟེན་གྱི་ཁམས་འགྲུབ་པ་དང་། འཇིག་རྟེན་གྱི་ཁམས་འཇིག་པ་རྒྱུན་མི་འཆད་ཅིང་མཚམས་མེད་པ་ཤེས་པ་འདི་ནི་དགོངས་ཏེ་བཤད་པ་ལ་མཁས་པ།
8. གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཕྲ་བ་དང་། ཡངས་པའི་འཇུག་པས་ཡོངས་སུ་འཇུག་པ་ཐམས་ཅད་གཟུང་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྐྱེ་བ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་བར་དུ་གཟུང་བ་རྒྱུན་ཆད་པ་མེད་པས། ཆོས་ཀྱི་དབྱིངས་ཐམས་ཅད་སངས་རྒྱས་ཀྱིས་ཡོངས་སུ་གང་བར་འཇུག་ཅིང་། སངས་རྒྱས་སྐྱེ་བ་ཐམས་ཅད་ཀྱང་ཤིན་ཏུ་རྣམ་པར་ཕྱེ་བར་མཐོང་བ་འདི་ནི་དགོངས་ཏེ་བཤད་པ་ལ་མཁས་པ།
9. གཞན་ཡང་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་མི་འགྱུར་བའི་ཚུལ་གྱིས་མྱ་ངན་ལས་འདས་པར་ཤེས་ཀྱང་། ཐམས་ཅད་མཁྱེན་པའི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་ཡོངས་སུ་མ་རྫོགས་ཀྱི་བར་དུ་སྨོན་ལམ་ཕྱིར་ཟློག་པར་མི་བྱེད་པ་འདི་ནི་དགོངས་ཏེ་བཤད་པ་ལ་མཁས་པ་དགུ་པའོ། །
10 .གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་གཞན་གྱི་དྲིང་མི་འཇོག་པར་ཡང་ཤེས་ལ། དགེ་བའི་བཤེས་གཉེན་ལ་བསྟེན་པ་ཡང་རིང་དུ་མི་སྤོང་། དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱ་བ་ཡང་རྒྱུན་མི་གཅོད། དགེ་བའི་བཤེས་གཉེན་དང་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པའི་དགེ་བའི་རྩ་བ་ཡང་ཡང་དག་པར་སྡུད་ཅིང་། བསྐྱེད་པ་དང་། སྐྱོང་བ་དང་། བརྟན་པར་བྱེད་པ་དང་། རྣམ་པ་གཅིག་ཏུ་བྱེད་པ་དང་། རྒྱུད་ཀྱི་ཚུལ་གཅིག་ཏུ་བྱེད་པ་དང་། གཅིག་ཏུ་འབྱུང་བར་བྱེད་པ་དང་། ཡོངས་སུ་གྲུབ་པ་གཅིག་ཏུ་བྱེད་པ་འདི་ནི་དགོངས་ཏེ་བཤད་པ་ལ་མཁས་པའོ། ། |
བདག་རྗེས་སུ་དགོངས་པ་རྣམ་པར་དག་པ་བཅུ། |
དེ་ཡང་། འཕགས་པ་སངས་རྒྱུས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སངས་རྒྱས་བཅོམ་ལྡན་འདས་བདག་རྗེས་སུ་དགོངས་པ་རྣམ་པར་དག་པ་བཅུ་སྟེ།
1. སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱི་སྤྱོད་པ་རྗེས་སུ་དགོངས་པ་རྣམས་ཡིན།
2. སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའང་རྗེས་སུ་དགོངས་པ་རྣམས་ཡིན།
3. སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པའང་རྗེས་སུ་དགོངས་པ་རྣམས་ཡིན།
4. སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒྲུབས་པའང་རྗེས་སུ་དགོངས་པ་རྣམས་ཡིན།
5. སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་སྔོན་གྱི་ཚངས་པར་སྤྱོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིའང་རྗེས་སུ་དགོངས་པ་རྣམས་ཡིན།
6. སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒོའང་རྗེས་སུ་དགོངས་པ་རྣམས་ཡིན།
7. སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་ཀྱི་ལུས་ཚད་མེད་མཐའ་ཡས་པའང་རྗེས་སུ་དགོངས་པ་རྣམས་ཡིན།
8. སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་དང་། རྣམ་པར་སྤྲུལ་པ་ཚད་མེད་མཐའ་ཡས་པ་རྗེས་སུ་དགོངས་པ་རྣམས་ཡིན།
9. བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་དང་། རྣམ་པར་སྤྲུལ་པ་ཚད་མེད་པ་རྗེས་སུ་དགོངས་པ་རྣམས་ཡིན།
10 .སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱི་སྟོབས་བཅུ་དང་། མི་འཇིགས་པའང་རྗེས་སུ་དགོངས་པ་རྣམས་ཡིན་ནོ། ། |
མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ལེའུ་བཅུ། |
1.དོན་ཟབ་དགོངས་པ་ངེས་འགྲེལ།
2. ཆོས་འཕགས།
3. བློ་གྲོས་རྣམ་དག
4. རབ་འབྱོར།
5. བློ་གྲོས་ཡངས་པ།
6. ཡོན་ཏན་འབྱུང་གནས།
7. དོན་དམ་ཡང་དག་འཕགས།
8. བྱམས་པ།
9. སྤྱན་རས་གཟིགས།
10 .ཡོན་ཏན་གྱི་ཚོགས་རྣམ་པར་ངེས་པའོ། ། |
ལྷ་མོ་དཔལ་ཕྲེང་གི་ཞུས་པའི་མདོའི་དགོངས་པ་རྣམ་བཞག་བཅུ། |
1. ངོ་བོ།
2. རྒྱུ་འབྲས།
3. ལས་ལྡན།
4. འཇུག་པ།
5. གནས་སྐབས།
6. དེ་བཞིན།
7. ཀུན་ཏུ།
8. འགྲོ་བའི་དོན།
9. རྟག་ཏུ་མི་འགྱུར།
10. ཡོན་ཏན་དབྱེར་མེད་དང་བཅུ་ནི་དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱའོ། ། |
དགོངས་པ་ཀློང་འབྱམས་ཐོགས་པ་མེད་པ་གསུམ། |
དེ་ཡང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས་ཏེ་ཞུས་ལན་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔
1.དབང་པོ་ཀློང་འབྱམས་ཐོགས་མེད་ནམ་མཁའི་དགོངས་པ༔
2.ཆོས་ཉིད་སྐྱེ་བ་མེད་པའི་ཀློང་འབྱམས་འཛིན་ཆགས་མེད་པའི་དགོངས་པ༔
3.ཡེ་ཤེས་རང་གསལ་མ་གཡོས་པའི་ཀློང་འབྱམས་ཡུལ་མེད་ཀྱི་དགོངས་པའོ༔ |