Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གནམ་ལྕགས་འབར་བའི་སྒྲུབ་ཐབས་ཀླུ་འདུལ་བའི་ངན་ཐབས་མིང་ཚིགརྒྱ་གར་གྱི་བླ་མ་མཻ་ཏྲི་པས་མཛད་པའི་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གནམ་ལྕགས་འབར་བའི་སྒྲུབ་ཐབས་ཀླུ་འདུལ་བའི་ངན་ཐབས། བསྟན་འགྱུར་རྒྱུད་པུ་པར་བཞུགས།
མ་བཅོས་པས་འདུལ་བ་ལ་དགོངས་པ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། གང་ལ་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་གྱི་ནང་གསེས་ཤིག་སྟེ། གང་ལྷ་ཞི་བ་སྤྱིའི་རང་བཞིན་གྱི་སྐུ་མདོག་མ་བཅོས་པས་འདུལ་བར་དགོངས་པའི་ཕྱིར་མ་བཅོས་པས་འདུལ་བ་ལ་དགོངས་པ་ཞེས་བྱ། མདོ་དགོངས་པ་འདུས་པ་ལས། ལང་ཀའི་བདག་པོ་དེ་ལ་མ་བཅོས་པས་འདུལ་པ་ལ་དགོངས་པ་ནི་དུང་ལྟ་བུ་དང༌། ཀུ་མུད་ལྟ་བུ་དང༌། ཟླ་བ་ལྟ་བུ་དང༌། ཉི་མ་ལྟ་བུའོ། །ཞེས་པ་ལྟར་གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལ་མ་བཅོས་པས་འདུལ་བ་ལ་དགོངས་པ་བཞི་ནི་ལྷ་གཅིག་ལའང་ལྡན་ཏེ། ཉོན་མོངས་པ་མེད་པའི་རྟགས་སུ་ཡེ་ནས་རང་བཞིན་གྱིས་དག་ཅིང་དྲི་མ་མེད་པས་དུང་ལྟ་བུ་དང༌། གཟི་མདངས་དང་ལྡན་པའི་རྟགས་སུ་སྣུམ་ལ་འབྲེལ་བ་ཀུ་མུ་ཏ་ལྟ་བུ་དང༌། ཀུན་ལ་སྣང་བའི་རྟགས་སུ་དྭངས་ཤིང་རྙོགས་པ་མེད་པ་ཟླ་བ་ལྟ་བུ་དང༌། རང་བཞིན་གྱིས་འོད་གསལ་བའི་རྟགས་སུ་ཤིན་ཏུ་གསལ་ཞིང་འཚེར་བ་ཉི་མ་ལྟ་བུའོ། །བཞི་བོ་དེས་ཡེ་ནས་ལྷ་ཀུན་གྱི་སྐུ་མདོག་ལ་ཁྱབ་པའི་ཕྱིར་མ་བཅོས་པས་འདུལ་བ་ཞེས་པའི་མིང་འགྲུབ་བོ། །ཞེས་གསུངས།
མ་མྱོས་པས་འདུལ་བ་སྦྱིན་པ་མིང་ཚིགའདུལ་བ་ལས་བཤད་པའི་རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་གྱི་ཡ་གྱལ་ཞིག་སེམས་མ་མྱོས་པའི་གནས་སྐབས་ལྟུང་བ་བྱུང་མ་བྱུང་དྲན་དུ་བཅུག་ནས། མ་བྱུང་བར་ངེས་ན་དག་པ་སྦྱིན། བྱུང་བར་ངེས་ན་ཕྱིར་བཅོས་ནས་གདམས་ངག་སྦྱིན་པར་བྱེད་པའོ།
མ་རྨོངས་ཐབས་ཀྱིས་འདུལ་བའི་གཟི་བརྗིད་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། ཐུགས་ཀྱི་བརྗིད་བཞིའི་ཡ་གྱལ་ཞིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། ཐབས་ཀུན་མ་འདྲེས་པར་མཁྱེན་པའི་ཤེས་རབ་ཆེན་པོས་མ་རྨོངས་པར་ཏིང་འཛིན་འབུམ་ཕྲག་མང་པོའི་ཐབས་ཀྱིས་འདུལ་བའི་གཟི་བརྗིད་དང་། ཞེས་གསུངས།
མཁན་ཆེན་རྩི་འདུལ་བ་ཐུགས་རྗེ་བྱང་ཆུབ་མིང་ཚིགདུས་རབས་བཅུ་གཉིས་པའི་སྨད་དུ་འཁྲུངས། གཞོན་དུས་ནས་རབ་ཏུ་བྱུང་། ཕར་ཕྱིན་ལ་ཤིན་ཏུ་མཁས་པར་གྱུར། གཙུག་ལག་ཁང་བཞེངས་ཤིང་དགེ་འདུན་སྡེ་གཙུགས་པར་མཛད། གྲྭ་རྒྱུགས་དང་ཚུལ་འཛུགས་ལ་སོགས་པ་མཛད་པས་དགེ་འདུན་སྟོང་ལྷག་ཙམ་འདུས། ཐུགས་དམ་གྱི་མཐིལ་སྨན་བླ་དང་སྒྲོལ་མ་ལ་མཛད་པས་ཞལ་གཟིགས། ཞང་སྟོན་དགྲ་འཇིགས་དང་མཇལ། སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་ལུང་དང་། ལག་ལེན་སྒྲུབ་ཐབས་བསྙེན་ཚད་དང་བཅས་པ་ཞུས། བསྙུང་གནས་སྟོང་ཕྲག་གཅིག་གི་དམ་བཅའ་བླ་མ་ཞང་སྟོན་དགྲ་འཇིགས་ལ་ཕུལ། དེ་ལྟར་ཉམས་ལེན་ཡང་མཛད་པས་ས་ཟླ་ཚེས་བཅུ་དྲུག་ཉིན་ཐུགས་རྗེ་ཆེན་པོའི་ཞལ་གཟིགས། འགྲོ་དོན་མཛད་དེ་དགོངས་པ་ཆོས་དབྱིངས་སུ་གཤེགས། སློབ་མ་མཆོག་ཏུ་གྱུར་པ་ནི་ལྡོག་ལོང་བ་ཤཱཀྱ་བྱང་ཆུབ་ཡིན། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་བརྒྱུད་པའི་གདམས་རྒྱུན་འཛིན་མཁན་ཡིན།
མངོན་སུམ་གྱི་འདུལ་བ་མིང་ཚིགམདོ། འདུལ་བ། མངོན་སུམ་གྱིས་འདུལ་བ་ལ་བརྒྱད་དེ། རྒོལ་ཕྱིར་རྒོལ་གྱི་མངོན་སུམ། གཟུ་པོའི་མངོན་སུམ། དགེ་འདུན་གྱིས་ཞི་བའི་མངོན་སུམ། གསལ་བའི་མངོན་སུམ། གསལ་བའི་གསལ་བའི་མངོན་སུམ། གནས་བརྟན་དང་བཅས་པའི་དགེ་འདུན་གྱི་མངོན་སུམ། སྡེ་སྣོད་འཛིན་པའི་མངོན་སུམ། གནས་བརྟན་མཐུ་ལྡན་གྱི་མངོན་སུམ་མོ། །དང་པོ་ནི། རྒོལ་ཕྱིར་རྒོལ་གཉིས། དང་པོར་ཆོས་གཏན་ལ་འབེབས་པ་གང་ལས་བརྩམས་ཏེ་རྩོད་པའི་ཚེ་ཕྱིས་ལུང་རིགས་ཀྱིས་བྱེད་པ་ལ་བརྟེན་ནས་བློ་རྩེ་གཅིག་ཏུ་མཐུན་པར་གྱུར་པ་ལྟ་བུའོ། །གཉིས་པ་ནི། རྒོལ་ཕྱིར་རྒོལ་རང་སྟོབས་ཀྱིས་མ་ཞི་ནས་མཁས་ཤིང་གཟུ་བོར་གནས་པའི་དཔངས་པོས་མི་འཐད་པའི་ཕྱོགས་ལ་གནོད་བྱེད་དང། འཐད་པའི་ཕྱོགས་ལ་སྒྲུབ་བྱེད་བཀོད་ནས་ཞི་བ་ལྟ་བུའོ། །གསུམ་པ་ནི་དེས་མ་ཞི་ན་རྩོད་པ་དེ་དགེ་འདུན་ལ་ཕུལ་ནས། དགེ་འདུན་གྱིས་དེ་ལྟར་བྱས་པས་ཞི་བ་ལྟ་བུའོ། །བཞི་པ་ནི་དེས་མ་ཞི་ན་དགེ་འདུན་གྱིས་ལུང་རིགས་ལ་མཁས་པའི་དགེ་སློང་དགེ་འདུན་དེ་ལོངས་པ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོས་ནས་བསྐོས་པའི་དགེ་འདུན་གྱིས་སྔར་བཞིན་ཞི་བར་བྱེད་པའོ། །ཚོགས་ཀྱིས་ཚོགས་ལ་ལས་མི་ཆགས་པས་དགེ་འདུན་དུ་ལོངས་པ་ཅིག་ཆར་དུ་མི་བསྐོ་ལ། འོ་ན་ཅི་ཞེ་ན། གསུམ་ལ་སྡེབ་གཅིག་དང། ལྷག་པ་ལ་རྗེས་སུ་བསྐོ་སྟེ། བསྐོ་བའི་ལས་ལན་གཉིས་བྱ་བ་ཡིན་ནོ། །ལྔ་པ་གསལ་བའི་གསལ་བ་ནི། དེེས་ཀྱང་མ་ཞི་ན་བསྐོས་པའི་དགེ་སློང་བཞི་པོ་དེས་ཀྱང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ལུང་རིགས་ལ་ཆེས་མཁས་པའི་དགེ་སློང་གཞན་བསྐོས་པས་དེས་སྔར་བཞིན་ཞི་བར་བྱེད་པའོ། །དྲུག་པ་ནི་དེས་ཀྱང་མ་ཞི་ན་གནས་བརྟན་དང་བཅས་སོ་ཐར་གྱི་མདོ་ཐོན་པ་དང་བཅས་པའི་དགེ་འདུན་ལ་རྩོད་པ་ཕུལ་ཏེ། དེ་དག་གིས་སྒྲུབ་བྱེད་དང་གནོད་བྱེད་བརྗོད་པའི་སྒོ་ནས་ཞི་བར་བྱེད་དོ། །བདུན་པ་ནི། དེས་ཀྱང་མ་ཞི་ན་ཀུན་གྱིས་ཚད་མར་འཛིན་པའི་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་ལ་ཕུལ་ཏེ་སྔར་བཞིན་ཞི་བར་བྱེད་དོ། །བརྒྱད་པ་ནི། དེས་ཀྱང་མ་ཞི་ན་སུས་ཀྱང་བཀའ་འདའ་བར་མི་ནུས་པའི་གནས་བརྟན་མཐུ་དང་ལྡན་པ་ལ་རྩོད་པ་ཕུལ་ཏེ་དེས་འཐད་ཕྱོགས་ལ་སྒྲུབ་བྱེད་དང་མི་འཐད་པའི་ཕྱོགས་ལ་གནོད་བྱེད་བརྗོད་དེ་ཞི་བར་བྱེད་པའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
མཐའ་འདུལ་གཙུག་ལག་ཁང་མིང་ཚིགཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཆགས་ཡུལ་གྱི་ས་དབྱིབས་སྲིན་མོ་གན་རྐྱལ་དུ་ཉལ་བ་ལྟ་བུའི་དཔུང་མགོ་གཡས་གཡོན་དང༌། དཔྱི་མགོ་གཡས་གཡོན་གྱི་ཁ་གནོན་དུ་བཞེངས་པའི་གཡོན་རུ་ཁྲ་འབྲུག་དང༌། གཡས་རུ་གཙང་འགྲམ། དབུ་རུ་བཀའ་ཚལ། རུ་ལག་གྲུམ་པ་རྒྱང་སྟེ་ལྷ་ཁང་བཞི།
མཐའ་འདུལ་གྱི་གཙུག་ལག་ཁང་བཞི་མིང་ཚིགགྲུ་མོ་གཡོན་པ་ལ་ལྷོ་བྲག་མཁོ་མཐིང་གི་ལྷ་ཁང་། གཡས་པ་ལ་ཀོང་པོ་བུ་ཆུ་ལྷ་ཁང་། པུས་མོ་གཡོན་པ་ཏྲེའི་ཀ་བྲག གཡས་པ་ལ་སྤྲ་བདུན་རྩེའོ། །
མཐའ་འདུལ་བཞི་མིང་ཚིགདབུ་རུ་ཀ་ཚལ་མི་འགྱུར་ལྷ་ཁང་། ཁྲ་འབྲུག་ལྷ་ཁང་། གཡས་རུ་གཙང་འགྲམ་བྱང་ཆུབ་དགེ་གནས་ཀྱི་ལྷ་ཁང་། རུ་ལག་གྲོམ་པ་རྒྱང་དྲི་མེད་རྣམ་དག་གི་ལྷ་ཁང།
མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མིང་ཚིགམཐའ་འདུལ་བཞི་དང་དོན་གཅིག
མན་ངག་འདུལ་བྱེད་སྡེ་བཅུ་མིང་ཚིགམདོ། འདུལ་བ། བོན། དྲི་མེད་གཟི་བརྗིད་ལས་གསུངས་པ་ལྟར། སྡེ་བཅུ་ནི། ᪠སླབ་གསུམ་ཡང་དག་གི་སྡེ་དང་། རྣམ་དག་དཀའ་ཐུབ་ཀྱི་སྡེ་དང་། འདུལ་ཁྲིམས་གཙང་མའི་སྡེ་དང་། བསྲུང་ཁྲིམས་ངོས་བསྟོད་(བསྟན)སྡེ་དང་། སྦྱང་ཐོབ་མཐར་ཕྱིན་གྱི་སྡེ་དང་། རྒོལ་བ་ཚར་གཅོད་ཀྱི་སྡེ་དང་། མུ་བཞི་མཐའ་སེལ་གྱི་སྡེ་དང་། གལ་པོ་རྩོད་སྤོང་གི་སྡེ་དང་། དག་པ་རྣམ་འགྲེལ་གྱི་སྡེ་དང་། སྤོབས་པ་མཐར་ཕྱིན་གྱི་སྡེ་དང་བཅས་འདུལ་བྱེད་སྡེ་བཅུ་ཡང་དེ་ཉིད་ལས་གསུངས་སོ། །
མི་སྨྱོན་བདུད་འདུལ་རྡོ་རྗེའི་གླུ་སྨྱོན་ཡིད་སྐྱོ་མ་མིང་ཚིགརིག་འཛིན་བདུད་འདུལ་རྡོ་རྗེའི་ཟབ་གཏེར་ལས། གཏེར་ཆེན་བདུད་འདུལ་རྡོ་རྗེའི་གླུ་སྨྱོན་ཡིད་སྐྱོ་མའི་ཆོས་ཚན་ཞིག་ཡིན།
ཚངས་པ་སྲིན་པོའི་གདོན་འདུལ་བའི་ལེའུ་མིང་ཚིགབཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས་པའི་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཅེས་བྱ་བའི་སྡེ་ཚན་ཞིག
གང་གི་གྱུར་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། གང་སྣང་བར་མཛད་པའི་ཆོ་འཕྲུལ་གྱི་ནང་གསེས་ཤིག་སྟེ། མུན་པའི་གོ་ཆ་ལས། ལང་ཀའི་བདག་པོ། གང་གི་གྱུར་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་གང་ཞེ་ན། ཞེས་པ་དག་བཞུགས་ཐབས་དང་གཞལ་ཡས་ཁང་དང་བཞུགས་ཚུལ་ལོ། །ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། གང་གིར་གྱུར་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི། གང་ཞེ་ན། འདི་ལྟ༷་སྟེ། བཞུགས་ཐབས་དང༌། བཞུགས་གནས་གཞལ་ཡས་ཁང་དང༌། བཞུགས་ཚུལ་ཉིད་དོ། །ཞེས་གསུངས་པ་ལྟར་ལྷའི་བཞུགས་ཐབས་བཞུགས་གནས་བཞུགས་ཚུལ་བཅས་སོ་སོའི་མཚོན་དོན་སྟོན་པ་ཡིན།
གང་གིས་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། གང་སྣང་བར་མཛད་པའི་ཆོ་འཕྲུལ་གྱི་ནང་གསེས་ཤིག་སྟེ། མདོ་དགོངས་པ་འདུས་པ་ལས། ལང་ཀའི་བདག་པོ། གང་གི་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི་འདི་ལྟ་སྟེ། གང་བྱུང་བ་དང༌། གང་སྣང་བ་དང༌། གང་ལྟར་འགྱུར་བའོ། །ཞེས་གསུངས་པ་ལྟར་གཟི་ལྡན་འཆར་ཁའི་འོད་སྣང་ལས། གང་གིས་མཚོན་པས་འདུལ་བ་ལ་དགོངས་པའི་ཆ་འཕྲུལ་ནི། འདི་ལྟ༷་སྟེ། གང་བྱུང་བ་ཕྱག་དང༌། གང་སྣང་བ་ཕྱག་མཚན་དང༌། གང་ལྟར་འགྱུར་བ་ཕྱག་རྒྱ་སྟེ་རང་རང་གི་ངོ་བོས་མིང་ཡང་འགྲུབ་པའོ། །ཞེས་གསུངས་ལྟར་ཞལ་ཕྱག་གི་མཚོན་དོན། ཕྱག་མཚན་གྱི་མཚོན་དོན། ཕྱག་རྒྱ་བཞིའི་དོན་བཅས་སྟོན་པའོ། །
གང་ཐེག་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། གང་སྣང་བར་མཛད་པའི་ཆོ་འཕྲུལ་གྱི་ནང་གསེས་ཤིག་སྟེ། དེའི་དོན་མདོ་དགོངས་པ་འདུས་པ་ལས། ལངྐའི་བདག་པོ། གང་ཐེག་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི་འདི་ལྟ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སའི་ཁྱད་པར་བགྲོད་པ་དང་། ཡོན་ཏན་གྱི་ཆེ་བ་སྤྱོམ་པའོ། །ཞེས་གསུངས་པ་ལྟར་གཟི་ལྡན་འཆར་ཁའི་འོད་སྣང་ལས། གང་ཐེག་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི་འདི་ལྟར་གདན་ཁྲིའི་དོན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་འོག་གཞི་འཁོར་ལོ་རྩིབས་བཞི་དང་ལྡན་པ་སྟེ། སའི་ཁྱད་པར་བཞིན་བགྲོད་ཟིན་པའི་ཕྱིར་ཐེམ་སྐས་དང་ཉི་ཟླ་པདྨའི་གདན་ཏེ། ཡོན་ཏན་ཐམས་ཅད་ཀྱི་ཆེ་བ་དུས་གཅིག་ལ་རྫོགས་ཏེ་སྤྱོམ་པའི་ཕྱིར་སེམས་ཅན་གྱི་གདན་ཁྲི་རྣམས་སྣང་བའོ། །ཞེས་པ་ལྟར་ལྷའི་གདན་ཁྲིའི་བརྡ་དོན་མཚོན་ཚུལ་སྟོན་པ་ཡིན།
གང་ལ་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། གང་སྣང་བར་མཛད་པའི་ཆོ་འཕྲུལ་གྱི་ནང་གསེས་ཤིག་སྟེ། མདོ་དགོངས་པ་འདུས་པ་ལས། ལང་ཀའི་བདག་པོ་དེ་ལ་གང་ལ་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི་འདི་ལྟ་སྟེ། མ་བཅོས་པས་འདུལ་བ་ལ་དགོངས་པ་དང༌། བསྒྱུར་བས་འདུལ་བ་ལ་དགོངས་པའོ། །ཞེས་པ་ལྟར་གཟི་ལྡན་འཆར་ཁའི་འོད་སྣང་ལས། གང་ལ་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི་སྐུ་མདོག་སྟེ་གཞིའི་དོན་དང༌། ཞེས་དང་། དེ་ལ་གང་ལ་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི། འདི་ལྟ་སྟེ། གང་ཞི་བ་སྤྱིའི་རང་བཞིན་གྱི་སྐུ་མདོག་མ་བཅོས་པས་འདུལ་བ་ལ་དགོངས་པ་དང༌། གདུལ་བྱ་ལ་སྣང་བའི་རིགས་ཐ་དད་ཀྱི་སྐུ་མདོག་གང་ལ་མོས་པ་ལྟར་བསྒྱུར་བས་འདུལ་བ་ལ་དགོངས་པའོ། །ཞེས་གསུངས་པ་ལྟར་དེ་ལ་དབྱེ་ན་མ་བཅོས་པས་འདུལ་བ་ལ་དགོངས་པ་དང་། བསྒྱུར་བས་འདུལ་བ་ལ་དགོངས་པ་གཉིས།
གང་ལྟར་མཛེས་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། གང་སྣང་བར་མཛད་པའི་ཆོ་འཕྲུལ་གྱི་ནང་གསེས་ཤིག་སྟེ། ལྷའི་རྒྱན་ཆ་དག་གི་མཚོན་དོན་སྟོན་པ་སྟེ། མདོ་དགོངས་པ་འདུས་པ་ལས། ལང་ཀའི་བདག་པོ་གང་ལྟར་མཛེས་པས་འདུལ་བར་དགོངས་པའི་ཆོ་འཕྲུལ་ནི་འདི་ལྟ་སྟེ། ཆོས་རྣམ་པར་འབྱེད་པ་དང༌། དགའ་བ་དང་ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། དྲན་པ་དང༌། བཏང་སྙོམས་དང༌། བརྩོན་འགྲུས་ཀྱིས་མཛེས་པའི་ཕྱིར་རྒྱན་ཆེན་པོས་རྣམ་པར་བཀོད་པར་དགོངས་པའོ། །ལང་ཀའི་བདག་པོ་གཞན་ཡང་སྐུ་དང༌། གསུང་དང༌། ཐུགས་དང༌། ཡོན་ཏན་དང༌། ཕྲིན་ལས་ཀྱིས་བསྒྱིངས་པའི་ཕྱིར་ཆ་ལུགས་ཆེན་པོས་བརྗིད་པར་དགོངས་པའོ། །ལང་ཀའི་བདག་པོ་གཞན་ཡང་མཚན་གྱི་མེ་ཏོག་གིས་མཛེས་ཤིང་དཔེ་བྱད་ཀྱི་འབྲས་བུས་སྤྲས་པའི་ཕྱིར་སྲས་ཀྱི་ཚོགས་ཀྱིས་ཀུན་ནས་བརྒྱན་པའོ། །ལང་ཀའི་བདག་པོ་གཞན་ཡང་ཏིང་ངེ་འཛིན་དང༌། རྩོལ་བ་དང༌། ངག་དང༌། རྟོག་པ་དང༌། ལས་ཀྱི་མཐའ་དང༌། ལྟ་བ་དང༌། འཚོ་བ་དང་དྲན་པས་འཁྱིལ་བའི་ཕྱིར་བཀྲ་ཤིས་འཁྱིལ་པས་འབར་བར་དགོངས་པའོ། །ཞེས་པ་ལྟར་བྱང་ཆུབ་ཀྱི་ཡན་ལག་གི་རྒྱན་ཆ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱན་ཆ། མཚན་དང་དཔེ་བྱད་ཀྱི་རྒྱན་ཆ། ལམ་གྱི་ཡན་ལག་བཀྲ་ཤིས་རྫས་བརྒྱད་ཀྱི་རྒྱན་ཆ་བཅས་སྟོན་པ་ཡིན།
འགྲོ་བ་ཐམས་ཅད་འདུལ་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་མིང་ཚིགདཔལ་ལྡན་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས།
འགྲོ་བ་ཐམས་ཅད་འདུལ་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་མིང་ཚིགདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཉ་པར་བཞུགས།
འགྲོ་བ་འདུལ་བ་ཞེས་བྱ་བའི་ལེའུ་མིང་ཚིགདཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཆ་པར་བཞུགས།
འགྲོ་བ་འདུལ་བའི་ཕྱག་རྒྱ་མིང་ཚིགསྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་བཅོ་ལྔ་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། ཡང་དག་དོན་ལ་གཅིག་ལས་མེད། སེམས་ཅན་བླང་དོར་དུ་མར་སྟོན། འགྲོ་བ་འདུལ་བའི་ཕྱག་རྒྱ་ཡིན། ཞེས་གསུངས་པས། འཁོར་འདས་དང་བདེ་སྡུག་བཟང་ངན་ལ་སོགས་གཉིས་སུ་སྣང་ངོ་ཅོག་རྣམས་ཀྱང་། དོན་དམ་པར་ཐམས་ཅད་མཉམ་པར་གནས་པའི་རང་བཞིན་གཅིག་ལས་མེད་ཀྱང་། སེམས་ཅན་གྱི་དོན་དུ་དེ་དག་བླང་དོར་གྱི་གནས་སོ་སོར་སྟོན་པར་མཛད་པའི་དོན་ནོ། །
འགྲོ་བ་འདུལ་བའི་རྟོག་པ་མིང་ཚིགདཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཏ་པར་བཞུགས།
འགྲོ་འདུལ་གུ་རུ་དྲུག་གི་ལས་ཚོགས་གཤིན་དོན་བདུན་ཚིགས་འཁོར་བ་དོང་སྤྲུག་མིང་ཚིགབཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་ཀྱི་སྡེ་ཚན། འགྲོ་འདུལ་གུ་རུ་དྲུག་གི་ལས་ཚོགས། རིག་འཛིན་བདུད་འདུལ་རྡོ་རྗེས་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའི་གཏེར་ཆོས་ཤིག
འགྲོ་འདུལ་གླིང་པ་མིང་ཚིགགཏེར་ཆེན་རཏྣ་གླིང་པའི་མཚན་གྱི་རྣམ་གྲངས་ཤིག
འགྲོ་འདུལ་ཐབས་ཀྱི་སྤྱོད་པ་མིང་ཚིགསྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་སྤྱོད་པ་གསུམ་གྱི་ཡ་གྱལ་ཞིག་སྟེ། ཐབས་ཚུལ་གང་ཡང་མི་འགག་པར་འགྲོ་བ་འདུལ་བའི་ཐབས་ཀྱི་བརྟུལ་ཞུགས་ཆེན་པོའི་སྤྱོད་པ་ཡིན་ཕྱིར་འགྲོ་འདུལ་ཐབས་ཀྱི་སྤྱོད་པ་ཞེས་བྱ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཐབས་ཀྱི་སྤྱོད་པ་ནི། གླང་པོ་ཆེ་ཆུར་འཇུག་པ་དང་འདྲ་སྟེ། རབ་ཐད་ཀར་གཅོད་པ། རྩལ་ཞན་པའི་སྒྱིད་ཆུའི་གཞོལ་ཕྱོགས་སུ་འགྲོ་བ་བཞིན་ལམ་པ་ལ་བློ་ཆེ་ཆུང་ཡོད་པས་སྤྱོད་པ་བཟང་ངན་འོངས་ཏེ། བདག་གཞན་གཉིས་ཀའི་སྤྱོད་པའོ། །ཞེས་དང་། ཐབས་མཆོག་གསང་བ་ཆེན་པོའི་སྤྱོད་པ་ལ་དངོས་སུ་འཇུག་པ་ན་ཡང༌། ཐེ་ཚོམ་མེད་པར་རང་རང་གི་བབ་ཚོད་ཀྱི་ཐད་དུ་ལྟ་བའི་རྗེས་སུ་མཐུན་པར་འཇུག་པ་སྟེ། དཔེར་ན་གླང་པོ་ཆེན་པོ་ཆུར་འཇུག་པ་ན། ཆུའི་རབ་དང་ཀློང་ཆེན་གྱི་བབ་གང་ལ་ཡང་མི་ལྟ་བར་འཇུག་པ་ཡིན་ལ། དེ་ཡང་སྟོབས་ཀྱི་རྩལ་དང་སྒྱིད་ཀྱི་ཁྱད་པར་དྲག་པ་དང་ཞན་པའི་རིམ་པ་ཉིད་ཀྱིས་རྩལ་དྲག་པ་ལ་ལ་དག་ཐད་ཀ་ཉིད་དུ་དྲང་པོར་གཅོད་པ་སྟེ། སྒྱིད་ཞན་པ་ལ་ལ་ཆུ་བོའི་གཞོལ་ཕྱོགས་སུ་བསེགས་སུ་འགྲོ་བའམ་བཤན་ཐབས་སུ་འགྲོ་བ་ལྟར་དུ་དོན་ལ་ཅིག་ཆར་བ་དང་རིམ་གྱིས་པའི་དཔེར་ཤེས་སོ། །ཚུལ་དེ་ལྟར་རྣལ་འབྱོར་པ་ཐབས་ཆེན་གསང་བའི་སྤྱོད་པ་ལ་འཇུག་པ་ཉིད་ན་ཡང༌། དགོངས་པ་དམ་པའི་འབྲས་བུའི་དོན་ལ་བབ་ཚོད་དུ་འཇུག་སྟེ་གཅོད་པར་བྱེད་ཀྱང༌། རྣལ་འབྱོར་པའི་བློ་ལ་ལམ་ལྔའི་རྩལ་འཕང་མཐོ་དམན་གྱི་ཁྱད་པར་ཡོད་པ་ཉིད་ཀྱིས་རང་རང་གི་ཇི་ལྟར་ནུས་པའི་ཚད་དེ་ལྟ་བའི་ཁྱད་པར་དང་སྦྱར་ནས་སྤྱོད་པ་ཡིན་པའི་ཕྱིར། ཞེས་གསུངས།
འགྲོ་འདུལ་མཐུ་སྟོབས་གླིང་པ་མིང་ཚིགསི་ཏུ་ཆོས་ཀྱི་བློ་གྲོས་སོགས་ལས་བཀའ་གཏེར་མང་པོའི་སྨིན་གྲོལ་གསན། མདོ་སྔགས་ཀུན་ལ་སྦྱོང་བརྩོན་མཛད་པས་ཀཿཐོག་གི་དབྱར་གནས་མཁན་པོ་ལོ་ཁ་ཤས་མཛད། རླངས་ཆེན་དཔལ་གྱི་སེངྒེའི་སྐྱེ་སྤྲུལ་དུ་ལུང་གིས་ཟིན་པ་ལྟར། རྒྱལ་དབང་མཚོ་སྐྱེས་སྙིང་ཐིག་སོགས་ཀྱི་གཏེར་ཁ་མང་པོ་བཞེས། བསྟན་འགྲོ་སྤྱི་ལ་དགེ་བའི་ས་གནད་གསོ་བ་སོགས་ཀྱིས་མཛད་པ་རྨད་དུ་བྱུང་བའོ། །
འགྲོ་འདུལ་ལས་ཚོགས་མིང་ཚིགདམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། འགྲོ་འདུལ་ལས་ཚོགས་གཤིན་པོ་ཐུགས་རྗེས་རྗེས་འཛིན་རིགས་དྲུག་གནས་འདྲེན་གྱི་ཆོས་ཚན། རིག་འཛིན་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་ནས་གདན་དྲངས་པའི་གཏེར་ཆོས་ཤིག
འགྲོ་འདུལ་ལས་ཚོགས་སྐུ་གདུང་སཱཙྪའི་རིམ་པ་མིང་ཚིགདམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། འགྲོ་འདུལ་ལས་ཚོགས་སྐུ་གདུང་སཱཙྪའི་ཆོས་ཚན། རིག་འཛིན་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་ནས་གདན་དྲངས་པའི་གཏེར་ཆོས་ཤིག
འགྲོ་འདུལ་སྤྲུལ་པའི་སྐུ་བཞི་མིང་ཚིགམདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་ལྔ་པ་མཐར་ཕྱིན་པ་འབྲས་བུའི་རིམ་པ་ལས་བྱུང་བ་སྟེ། ཐུབ་པ་དྲུག་ཏུ་བསྟན་པ། སྤྲུལ་པ་ཡང་སྤྲུལ་བཤད་པ། གང་ལ་གང་འདུལ་དུ་བསྟན་པ། མ་དག་པའི་འགྲོ་ལ་སྣང་ཚུལ།
འཇིག་རྟེན་གསུམ་འདུལ་གྱི་སྔགས་མིང་ཚིགགསང་སྔགས་རྒྱུད་སྡེ་བཞིའི་གཟུངས་སྔགས་དང་སྙིང་པོ་བྱིན་རླབས་ཅན་རྣམས་ཕྱོགས་གཅིག་ཏུ་རིན་པོ་ཆེ་བུ་སྟོན་པས་བཀོད་པ་སྟོད་ན་བླ་མ་བརྒྱུད་པའི་མཚན་འབུམ་མང་པོ་དང་བཅས་པ་རྣམས་བཞུགས་པའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་ཨོཾ་པར་བཞུགས།
འཇིག་རྟེན་འདུལ་མིང་ཚིགསངས་རྒྱས་ཀྱི་མཚན་ཏེ། སེམས་ཅན་རྣམས་ཀྱི་རྒྱུད་འདུལ་བས་སོ། །
འདུལ་བྱ་ཚིགམ་དུལ་བ་ཐབས་ཀྱིས་འདུལ་སྦྱོང་བྱེད་པའི་དོན།
འདུལ་བྱ་ཚིགཞིབ་མོར་བྱས་པའམ་ཕྱེ་མར་བཏགས་པའི་དོན།
འདུལ་བྱ་ཚིགདགྲ་ཐབས་སོགས་ཀྱིས་གཞན་ཕྱོགས་ཕམ་པར་བྱེད་པའི་དོན།
འདུལ་ཁྲིམས་མིང་ཚིགའདུལ་བའི་བཅས་ཁྲིམས་ཏེ་དམ་ཆོས་འདུལ་བ་ལས་གསུངས་པའི་སྤང་བླང་གི་ཁྲིམས། སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་འདུལ་བའི་གཞུང་སྡེ་བཞི་ཡོད་པ་དེ་ནས་བཤད་པ་ལྟར་གྱི་གྲྭ་པའི་སྒྲིགས་ཁྲིམས་དེ་ལ་འདུལ་ཁྲིམས་ཟེར། དེ་ལ་ཐོག་མར་བྱིས་པ་ལོ་བདུན་ལ་རབ་ཏུ་བྱུང་ནས་དགེ་ཚུལ་མ་བྱས་བར་དེར་ཁྲིམས་གསུམ་ཡོད་པ་དང༌། དེ་ནས་དགེ་ཚུལ་གྱི་སྡོམ་པ་ཞུས་རྗེས་བླངས་འདས་སུམ་ཅུ་སོ་དྲུག དེ་ནས་ལོ་ཉི་ཤུ་ལ་སླེབས་ནས་དགེ་སློང་གི་སྡོམ་པ་ཞུས་རྗེས་རྩ་བ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་བཅས་བསྡོམས་ཉིས་བརྒྱ་ལྔ་བཅུ་ང་གསུམ་ཡོད།
འདུལ་གཤེན་གསང་བ་འདུས་པ་མིང་ཚིགསྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔའི་ནང་གསེས་འདུལ་བ་གཤེན་དྲུག་གི་ཁོངས་ཡིན་ལ། གནས་ནི། དཀྱིལ་འཁོར་ཕོ་བྲང་གླིང་ཆེན་རབ་འབྱམས་ཀྱི་ཤར་ཕྱོགས་འགྱུར་མེད་གསས་མཁར་གྱི་བྱང་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་མཐིང་ཀ་འོད་ཟེེར་འབར་བ་ཞལ་གཅིག་ཕྱག་གཉིས་པ། སྐུ་ལ་མེ་དར་འོད་སླག་ལ་མེ་རི་འབར་བའི་ཤམ་ཐབས་ཅན། དབུ་ལ་རིན་ཆེན་པྲོག་ཞུ་གསོལ་བ། གཡས་པས་གསེར་གཤང་གནམ་གྲགས་འཁྲོལ་བ། གཡོན་པས་ཕོ་ལོང་གཡག་སྙིང་སྒྲོགས་སོ། །ཕྲིན་ལས་ནི། ཐུགས་རྗེའི་ཐབས་ཀྱིས་མི་རྣམས་འདུལ་བར་མཛད་པའོ། ། ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་མ་ལེ་འདུ་འདུ་ལ། ཞེས་པའམ་ལ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ་མཚོན། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པར་མཚོན། མ་ལེ་ནི་ཀློང་དུ་མཚོན། ལ་ནི་ལྷ་འདི་ཉིད་མཚོན་པའོ། །ཡིག་འབྲུ་ལྷ་སྐུའི་གནས་ཡུལ་ནི། ལུས་ཀྱི་ཐུགས་ཀ་ལའོ། །བྱེད་ལས་ནི། ལྷ་འདི་བསྐྱེད་པའི་ས་བོན་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ཚུལ་ཁྲིམས་བླ་མེད་ཀྱི་ས་དང་འདུལ་གཤེན་གསང་བ་འདུས་པའི་སྐུ་རུ་འཐོབ་ལ། མ་རྟོགས་ན་རྒྱུ་དྲུག་བར་དོར་འཁྲུལ་ལ་ཞིང་དུ་སྒྱུ་མ་ཤར་བར་གསུངས་སོ། །དེ་ཡང་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། །
འདུལ་གཤེན་དྲུག་མིང་ཚིགགཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་གཡུང་དྲུང་གནས་བཞིའི་བསྟོད་པའི་མཆན་འགྲེལ་ལས་བྱུང་བ་སྟེ། མུ་ཆོ་ལྡེམ་དྲུག། གསང་བ་ངང་རིང༌། མི་ལུས་རྔམ་མགོ། གྲ་བྱིན་དོན་སྤུངས། ལྕེ་རྒྱལ་པར་ཏི། རྨའུ་ཁ་ཉིད་དོ། །
འདུལ་ཆོག་གི་ཆོ་ག་མིང་ཚིགབོན་གྱི་སྟོན་པ་གཤེན་རབ་མི་བོ་མཆོག་ནི་གནས་མཆོག་དམ་པ་འོལ་མོ་ལུང་རིང་ངམ་རྟག་གཟིགས་ཡུལ་དུ་ཕྱི་ལོའི་སྔོན་ ༡༦༠༡༧ འཁྲུངས་ཡོད། རྟག་གཟིགས་ནི་ད་ཆ་ཞང་ཞུང་ཁོངས་གཏོགས་གངས་ཏི་སེའི་ཕྱོགས་སུ་ངོས་འཛིན་བྱེད་ཀྱི་ཡོད། སྟོན་པ་ཐུགས་རྗེ་ཅན་གྱིས་གནས་མཆོག་དེར་མཛད་པ་བཅུ་གཉིས་ཀྱི་འཕྲིན་ལས་སྤེལ་ཏེ། ཆོ་ག་འདི་ནི་སྟོན་པས་བསྟན་པ་རྗེས་བཞག་གི་མཛད་པ་རྫོགས་ནས་འདུལ་ཁྲིམས་མཛད་པའི་དུས་སྐབས་སུ་བྱུང་ལ། སྟོན་མཆོག་ཉིད་གཤེན་ལོ་སོ་གཉིས་ཐོག་གསས་ཁང་ཁྲི་སྨོན་རྒྱལ་བཞད་ཀྱི་སྒོ་དྲུང་བྱོན་ནས། སྡུག་བསྔལ་གྱི་ཆུ་བཞིར་གཟིགས་ཞིང་འཁོར་བ་ལས་ཡིད་འབྱུང་བའི་ཚུལ་བསྟན་ཏེ། རྒྱུ་འབྲས་བདེན་པའི་བོན་དང་། བླ་མེད་གོ་འཕང་སྒྲུབ་ཐབས་ལས་སོགས་ཀྱི་མདོ་སྡེ་བོན་མང་པོ་གསུངས་ཡོད། དེ་ནས་རབ་ཏུ་བྱུང་བ་ཐུགས་ལ་དགོངས་ནས་འཁོར་འདབས་ལོངས་སྤྱོད་ཐམས་ཅད་སྤངས་ཏེ། བར་སྣང་སྟོང་པའི་དབྱིངས་རུམ་ནས་སངས་རྒྱས་ཐུགས་རྗེ་ལས་ན་བཟའ་གོས་དྲུག་དང་ཧོས་རུ་བཅས་རང་བབས་སུ་བྱུང་། སྟོན་པས་མཁའ་ལྡིང་ཤང་ཤང་དུ་སྤྲུལ་ནས་ནམ་མཁའ་ལ་འཕུར་ཏེ། རང་བྱུང་མཆོད་རྟེན་བཞི་དང་། དྲང་སྲོང་ལེགས་ལྡན་རྒྱལ་བའི་དྲུང་དུ་རབ་ཏུ་བྱུང་བར་མཛད་དོ། །དེ་ནས་བྱ་སྤྲེལ་མི་གསུམ་གྱི་དཀའ་ཐུབ་ལོ་གསུམ་རིམ་པས་མཛད་གནང་སྟེ། བདུད་དང་། སྲིན་པོ། མུ་སྟེགས་རྣམས་ཀྱི་སེམས་རབ་ཏུ་ཞི་ཞིང་འཁོར་དུ་བྱུང་ཡོད། འཁོར་ལ་ཡང་སྡེ་བཞི་ཡ་བརྒྱད་ཕྱེས་ནས་འདུལ་བ་རྒྱུད་དྲུག་དང། འདུལ་བྱེད་སྡེ་བཅུ་བཅས་འདུལ་བའི་སྡེ་མང་པོར་གཏན་ལ་ཕེབས་ལ། ལྷག་པར་ཏུ་གསས་མཁར་ཁྲི་སྨོན་རྒྱལ་བཞད་དང་། ཁོ་མ་ནེའུ་ཆུང་གཉིས་ཀྱི་བར་མཆོད་རྟེན་རྣམ་དག་དཀར་པོའི་མདུན་ནས། ཕོ་མོ་མ་འདྲེས་པ་སོ་སོ་རུ་དབྱེ་སྟེ་ཕོ་གླིང་མོ་གླིང་གི་སྡེ་ཕྱེས་ཏེ། འདུལ་ཁྲིམས་ཀྱི་སྡོམ་པ་ཕོག་ཞིང་། གཤེན་རབ་གཡུང་དྲུང་སེམས་དཔའ་དུ་མ་དང་ཐབས་གཅིག་ཏུ་བཞུགས་ནས་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པ་གཏན་ལ་ཕབ་ནས། འཁོར་རྣམས་ལ་ཡན་ལག་བརྒྱད་ལྡན་གྱི་སྒོ་ནས་དགེ་སྦྱོར་སྒྲུབ་ཚུལ་གསུངས་པ་དང་། ཕྱི་རོལ་རྣམས་ལ་དཔེ་བསྟན་པའི་ཕྱིར་སྟོན་པས་ལྷ་སྐུ་ཕྱག་རྒྱ་བསྟན་ཏེ། ཐུགས་ལས་འོད་ཟེར་ཕར་འཕྲོས་ཚུར་འདུས་ནས་སྐུ་དང་གཞལ་ཡས་སུ་གྲུབ་པས་སོ། །འཁོར་རྣམས་ཀྱིས་ཞུ་དོན་གསོལ་བ་ལ་བརྟེན་ནས་སྟོན་པས་ཀྱང་ཆོ་ག་འདི་གོ་རིམ་བཞིན་གསུངས་སོ། །ཆོ་ག་འདི་ཉིད་ཕྱིས་སུ་དུས་རབས་བཅུ་བཞིའི་ནང་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྙན་དུ་རྒྱུད་ཡོད། ལོ་རྒྱུས་མདོ་བསྡུས་ཙམ་ཡིན་རྒྱས་པོ་མདོ་དྲི་མེད་གཟི་བརྗིད་པོད་བཅུ་པ་ལས་གསལ་ལོ། །
འདུལ་ཆོག་གི་རྟེན་གཏོར་མིང་ཚིགབོན། སྔགས། བྱ་རྒྱུད། ཕྱི་རྒྱུད་ཀྱི་ཆོ་གར་གཏོགས་པའི་འདུལ་ཆོག་གི་ལྷའི་རྟེན་གཏོར་ཡིན། རྒྱུ་ནི། འབྲུ་དཀར་གྱི་ཕྱེ་ལ་སྨན་སོགས་བཏབ་ནས་བཅའ་སྟེ། བཅའ་སྟངས་ནི། བོན་སྒོ་བཞི་མཛོད་ལྔའི་ཕྱི་ནང་གསང་གསུམ་གྱི་རྟེན་གཏོར་བཅའ་ཐབས་ལས། གཏོར་མ་གསས་ཁང་རུ་བཞིའི་སྟེང་དུ་བཤོས་སུ་ཟླུམ་པོ་གཅིག་ལ། ཟླུམ་པོ་བཞིས་བསྐོར། ཞེས་དང་། ཡི་དམ་ཕྱི་ནང་གསང་གསུམ་གྱི་རྟེན་གཏོར་བཅའ་ཐབས་ལས། དགེ་སྤྱོད་ལ། ལྷ་བཤོས་གཅིག་ལ་བཤོས་ཕྲན་བརྒྱད་ཀྱིས་བསྐོར། ཞེས་སོ། །དེའི་མཐུན་རྫས་ནི། དཀར་མངར་གྱི་རྫས་དང་། སྨན་སྣ། སྤོས་སྣ། རིན་ཆེན་རིགས། བཅུད་ཀྱི་སྙིང་པོ། དར་ཟབ་མེ་ཏོག་སོགས་ཀྱིས་མཛེས་ཞིང་བརྒྱན་དགོས་ཏེ། གསང་སྔགས་རྫོང་འཕྲང་ལས། ཕྱིའི་གཏོར་མའི་གཞི། དཀར་སུམ། མངར་སུམ། སྨན་ལྔ། སྤོས་ལྔ། རིན་ཆེན་ལྔ། སྙིང་པོ་ལྔ། ཞེས་དང་། མེ་ཏོག་མཛེས་པར་བྱ། ཞེས་དང་། གསང་སྔགས་དབང་ཆེན་གཏོར་མའི་གལ་བྱང་ལས། དེ་ལྟར་བཅས་པའི་གཏོར་མ་ལ་གོང་གི་འཁོར་ལོ་གདུགས་སུ་ཕུབ། མཛེས་པའི་དར་གྱིས་ཡོལ་བར་བྱ། ཞེས་སོ། །
འདུལ་ནག་པ་དཔལ་ལྡན་བཟང་པོ་མིང་ཚིགརབ་བྱུང་རབ་བྱུང་བདུན་པའི་ཆུ་རྟ་ཕྱི་ལོ་ ༡༤༠༢ ལོར་འཁྲུངས། སྐུ་གཞོན་དུས་སྣར་ཐང་གྲུབ་པའི་ཤེས་རབ་ལས་རབ་བྱུང་བསྒྲུབས། བཀའ་གདམས་ཀྱི་ཆོས་མང་དུ་གསན། ལོ་ཙཱ་བ་སམ་གྷ་ཤྲི་ལས་སྒྲ་དང་། སྙན་ངག་མངོན་བརྗོད། རྩིས་སོགས་ཐ་སྙད་ཀྱི་གཙུག་ལག་ལ་སྦྱངས། རྗེ་དགེ་འདུན་གྲུབ་པ་ལས་སྡེ་སྣོད་ཀྱི་ཆོས་དང་། རྗེ་ཤེས་རབ་སེང་གེ་ལས་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་སོགས་གསན། མཁས་གྲུབ་ཆོས་རྗེ་སོགས་བླ་མ་མང་པོ་བསྟེན། ལུང་མངོན་རྟོགས་ལ་མངའ་བརྙེས། གདན་ས་གོང་འོག་གཉིས་སུ་ཡང་ཆོས་གཞིས་མཛད། དཔལ་གསང་འདུས་རྒྱུད་འགྲེལ་གྱི་འཆད་ཉན་བཙུགས། དགའ་ལྡན་ནས་རྗེའི་དྲུང་ནས་དུས་འཁོར་འགྲེལ་ཆེན་གྱི་བཤད་པ་སོགས་གསན། དོན་གཉིས་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ་ཕྱི་ལོ་ ༡༤༧༣ ལོར་འབྲི་མཚམས་སུ་སྐུ་གཤེགས། གསུང་རྩོམ་ནི་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་སོ་སོའི་རྡོ་རྗེའི་ཚིག་རྐང་ཟབ་མོའི་ལམ་འཁྲུགས་པ་རྣམས་སྒྲུབ་པ་པོའི་ཉམས་ལེན་གྱི་རིམ་པར་བསྒྲིགས་པ་ལེའུ་སོ་སོའི་དཀའ་གནད་མཐའ་གཅོད་པའི་ཁུངས་དང་བཅས་རིན་པོ་ཆེའི་གཏེར་མཛོད་ཅེས་པའི་ཊཱིཀ་ཆེན་བཅས་བཞུགས། རེ་དགུ་པ་ལྕགས་སྟག་ཕྱི་ལོ་ ༡༤༧༠ ལོར་སྣང་ཐང་ཆོས་སྡེའི་ཁྲིར་བྱོན། ལོ་གསུམ་རིང་གདན་ས་བསྐྱངས། གཙང་དུ་སྲད་རྒྱུད་པའི་བླ་རབས་གཉིས་པ་དང་། སྣང་ཐང་དགོན་པའི་གདན་རབས་བཅོ་བརྒྱད་པ་ཡིན།
འདུལ་བ་མིང་ཚིགམདོ། འདུལ་བ། སྡེ་སྣོད་གསུམ་གྱི་ནང་ཚན་འདུལ་བའི་སྡེ་སྣོད་དེ། ལྟུང་བ་སྡེ་ལྔ་དང༌། ལྟུང་བ་འབྱུང་བའི་རྒྱུ་དང༌། ལྟུང་བ་ལས་ལྡང་བ་དང༌། ལྟུང་བ་ལས་ངེས་པར་འབྱུང་བ་དང༌། གང་ལ་བརྟེན་ནས་བསླབ་པ་བཅའ་བ་གང་ཟག་བསླབ་པ་བཅས་པ་དངོས། དེའི་རབ་ཏུ་དབྱེ་བ། ལྟུང་བ་དང་ལྟུང་མེད་རྣམ་པར་ངེས་པ་བཅས་དོན་རྣམ་པ་བརྒྱད་སྟོན་པས་ན་འདུལ་བ་སྟེ། རྣམ་སྨིན་འདུལ་ཞིང་མྱང་འདས་སུ་འཁྲིད་པས་ན་འདུལ་བའོ། །ལུང་གཞི་ལས་ནི། དུག་གསུམ་འདུལ་བས་ན་འདུལ་བ་ཞེས་བཤད་དོ། །ལྔ་མཚན་ལས་ནི། ཀུན་ནས་དཀྲིས་པ་དང་རྣམ་སྨིན་གྱི་དྲི་མ་གཉིས་འདུལ་བས་འདུལ་བ་ཞེས་བཤད་དོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་འགྲེལ་ལས་སོ། ། ཆོས་འདུལ་བ་ནི་གཉིས་ཏེ། ཐེག་པ་ཐུན་མོང་གི་དང། ཐུན་མོང་མ་ཡིན་པའི་འོ། །དང་པོ་ལ་བརྗོད་བྱ་དོན་གྱི་དང། རྗོད་བྱེད་ཚིག་གིའོ། །དང་པོ་ནི། བྱུང་བ་དང། བཅས་པ་དང། རྗེས་སུ་བཅས་པ་དང། གནང་བ་དང། བཀག་པ་རྣམས་སོ། །གཉིས་པ་ནི། རྩ་བའི་ལུང་སོ་སོར་ཐར་པ་གཉིས་དང་། བཤད་པའི་ལུང་སྡེ་བཞིའོ། །དེ་ལས་ཀྱང་ལུང་རྣམ་འབྱེད་ནི། སོ་སོར་ཐར་པ་གཉིས་ཀྱི་ཚིག་གི་འགྲེལ་པའོ། །དེ་ལའང་དགེ་སློང་ཕ་མའི་དབྱེ་བས་གཉིས་སུ་ཡོད་ལ། དང་པོ་ལ་བམ་པོ་བརྒྱད་ཅུ་གྱ་གསུམ་མོ། །ལུང་གཞི་ནི། སོ་སོར་ཐར་པ་རྣམ་པ་གཉིས་ཀྱི་མ་ཚང་བ་ཁ་བསྐང་བའི་འགྲེལ་པ་ཡིན་ལ། བམ་པོ་ནི་བརྒྱ་དང་བཅུའོ། །ལུང་ཕྲན་ཚེགས་ནི། བསླབ་པའི་གནས་ཕྲ་མོ་རྣམས་རྒྱས་པར་གཏན་ལ་ཕབ་པའི་སྒོ་ནས། སོ་སོར་ཐར་པ་རྣམ་གཉིས་ཀྱི་སྤྱི་དོན་ལྟ་བུར་གྱུར་པའི་འགྲེལ་པ་ཡིན་ལ། བམ་པོ་ནི་ལྔ་བཅུ་རྩ་དགུའོ། །གཞུང་དམ་པ་ནི། དེ་གཉིས་ཀྱི་དཀའ་བའི་གནས་རྣམས་གཏན་ལ་འབེབས་པ་ལ་ཤིན་ཏུ་གཅེས་པའི་འགྲེལ་པ་ཡིན་ལ། བམ་པོ་ནི་ལྔ་བཅུ་རྩ་ལྔའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། ། བྱ་བ་དང་བྱ་བ་མ་ཡིན་པ་ཉེ་བར་སྟོན་པས་སློབ་མ་རྣམས་འདུལ་ཞིང་རྗེས་སུ་སྟོན་པར་བྱེད་པས་འདུལ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་རྒྱས་ལས་སོ། །
འདུལ་བ་མིང་ཚིགསྔགས། མ་ཧཱ་ཡོ་ག འདུལ་བ་ནི། བྱ་རྒྱུད་ལ་བྱ་སྟེ། མན་ངག་ལྟ་ཕྲེང་གི་འགྲེལ་པ་ལས། འདུལ་བ་ནི་བྱ་བའི་རྒྱུད་དེ། དེར་གསང་སྔགས་ཀྱི་འདུལ་བའི་གཞི་བཅས་པའི་ཕྱིར་རོ། །ཞེས་གསུངས།
འདུལ་བ་མིང་ཚིགབཏུལ་བའི་ད་ལྟ་བའི་བྱ་བའི་མིང་།
འདུལ་བ་ཀུན་འབྱུང་དབྱིངས་དག་རྒྱུད་མིང་ཚིགམཛད་པ་པོ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སྟོན་པ་གཤེན་རབ་ཡིན་ལ། མཛད་པའི་དུས། ཕྱི་ལོའི་སྔོན་གཤེན་ལོ་སུམ་ཅུ་སོ་གཅིག་སྟེ་སྟོན་པ་རབ་ཏུ་བྱུང་བའི་དུས་སུ་གསུངས་པའོ། །གཞུང་འདིའི་བརྗོད་བྱའི་ཐད། དྲང་དོན་ཀུན་རྫོབ་ཀྱི་བོན་དང་ངེས་དོན་དོན་དམ་གྱི་བོན་གཉིས་སུ་དོན་དུ་བསྟན་མོད་ཀྱང་། ཁྱད་པར་དུ་གཞུང་འདིའི་བརྗོད་བྱའམ་བསྟན་བྱ་གཙོ་བོ་ནི་སྡེ་སྣོད་གསུམ་གྱི་ནང་ཚན་འདུལ་བའི་སྡེ་སྣོད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་དོན་དངོས་སུ་བསྟན་པ་ཡིན། གཞུང་འདིའི་ཉོབ་བེའམ་ལེའུ་གྲངས་སུ་བགྲང་ན་སྡེ་ཚན་བཞི་བཅུ་ཞེ་བདུན་ཡོད་དེ། གླེང་གཞིའི་ཉོབ་བེ་སྟེ། ལེའུ་དང་པོའོ། །གླེང་ལངས་པའི་ཉོབ་བེ་སྟེ། ལེའུ་གཉིས་པའོ། །གླེང་རྒྱུ་འཁོར་ཟུང་བཞི་ཡ་བརྒྱད་བོན། ཉོབ་བེ་སྟེ། ལེའུ་གསུམ་པའོ། །སྲས་རྒྱུད་དྲང་སྲོང་ཐེག་པའི་བོན། ཉོབ་བེ་སྟེ། ལེའུ་བཞི་པའོ། །སྲས་རྒྱུད་དྲང་སྲོང་ཐེག་པའི་ཉོབ་བེ་སྟེ། ལེའུ་ལྔ་པའོ། །སྲས་རྒྱུད་དྲང་སྲོང་ཐེག་པའི་སྙིང་། འདུལ་བ་ཀུན་འབྱུང་དབྱིངས་དག་རྒྱུད་ཀྱི་ཉོབ་བེ་སྟེ། ལེའུ་དྲུག་པའོ། །སྲས་རྒྱུད་དྲང་སྲོད་ཐེག་པའི་ལམ། འདུལ་བ་ཀུན་འབྱུང་དབྱིངས་དག་རྒྱུད་ཀྱི་ཉོབ་བེ་སྟེ། ལེའུ་བདུན་པའོ། །འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་རྫུན་སྡོམ་ཚུལ་ཁྲིམས་ཉོབ་བེ་སྟེ་ལེའུ་བརྒྱད་པའོ། །འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་ཆང་གི་ཉེས་བྱས་བསྟན་པའི་ཉོབ་བེ་སྟེ་ལེའུ་དགུ་པའོ། །འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་མོ་ཡི་རྩ་བར་སེར་སྣའི་ཉོབ་བེ་སྟེ་ལེའུ་བཅུ་པའོ། །འདུལ་བ་ཀུན་འབྱུང་དབྱིངས་དག་གི་ཆགས་སྡང་བློས་སྤངས་ཉོབ་བེ་སྟེ་ལེའུ་བཅུ་གཅིག་པའོ། །འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་གཡོ་སྒྱུ་འཁོར་བ་ལམ་བོར་ཉོབ་བེ་སྟེ་ལེའུ་བཅུ་གཉིས་པའོ། །འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་མོ་ཁྲིམས་དར་མདུད་བཀྲོལ་བའི་ཉོབ་བེ་སྟེ་ལེའུ་བཅུ་གསུམ་པའོ། །འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་འཁོར་སྡེ་བཞི་ཡ་བརྒྱད་ན་ཁན་ཉོབ་བེ་སྟེ་ལེའུ་བཅུ་བཞི་པའོ། །འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་མང་ཐུན་མང་སེ་མང་བེར་ཤ་ཡི་ཉོབ་བེ་སྟེ་ལེའུ་བཅོ་ལྔ་པའོ། །འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་བྱིས་ཀུ་སྒོག་པའི་སྐྱོན་བསྟན་པའི་ཉོབ་བེ་སྟེ་ལེའུ་བཅུ་དྲུག་པའོ། །འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་རྒྱན་ཕྲེང་བྱུག་སྤངས་ཀྱི་ཉོབ་བེ་སྟེ་ལེའུ་བཅུ་བདུན་པའོ། །འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་གར་སོགས་སྤང་བྱའི་ཉོབ་བེ་སྟེ་ལེའུ་བཅོ་བརྒྱད་པའོ། །འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་ཁྲི་སྟན་ཆེ་མཐོན་སྤོང་བྱེད་ཉོབ་བེ་སྟེ་ལེའུ་བཅུ་དགུ་པའོ། །འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་མལ་ཆེན་བྱེ་བྲག་གི་ཉོབ་བེ་སྟེ་ལེའུ་གཉིས་བཅུ་པའོ། །ནས། བམ་པོ་གཉིས་པའོ། །འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་བསམ་པ་གཡེང་བསྡུས་ཉོབ་བེ་སྟེ་ལེའུ་སོ་བདུན་པའོ། །ནས། དྲང་སྲོང་ཕོ་ཁྲིམས་བསླབ་པའི་ཉོབ་བེ་སྟེ་ལེའུ་ཞེ་ལྔ་པའོ། །མཁས་གོམ་བཙུན་ལྡན་གོ་འབྱེད་ཉོབ་བེ་སྟེ་ལེའུ་ཞེ་དྲུག་པའོ། །དྲང་སྲོང་མོ་ཡི་བསླབ་པ་བཅས་པའི་ཉོབ་བེ་སྟེ་ལེའུ་ཞེ་བདུན་པའོ། །
འདུལ་བ་གཅིག་ཉམས་གཅིག་ལེན་ལས་སྡོམ་རྒྱུད་མིང་ཚིགའདུལ་བ་རྒྱུད་དྲུག་གི་ནང་གསེས་(གཅིག་ཉམས་གཅིག་ལེན་ལས་སྡོམ་རྒྱུད་)ཅེས་པའི་གཞུང་འདི། མཛད་པ་པོ། གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་དེ་ཉིད་ཡིན། མཛད་པའི་དུས། ཕྱི་ལོའི་སྔོན་གཤེན་ལོ་སུམ་ཅུ་སོ་གཅིག་སྟེ་སྟོན་པ་རབ་ཏུ་བྱུང་བའི་དུས་སུ་གསུངས་པའོ། །གཞུང་འདིའི་བརྗོད་བྱ་ནི། སྡེ་སྣོད་གསུམ་གྱི་ནང་ཚན་འདུལ་བའི་སྡེ་སྣོད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་འབྲེལ་བའི་དྲང་སྲོང་ཕོ་མོ་གཉིས་ཀྱི་རྩ་བའི་ཁྲིམས་གང་རུང་ལ་ཕམ་པ་བྱུང་ཚེ་རྣམ་དག་འདུལ་བའི་སྡེའམ་གྲལ་ནས་འདོན་པར་བྱ་སྟེ། སླར་ཡང་གཙང་གཙུག་དང་དྲང་སྲོང་གི་སྡོམ་པ་ལེན་ཕྱོགས་དང་ཉམས་པ་གསོ་བའི་ཐབས་ལ་སོགས་བསྟན་པ་ཡིན། གཞུང་འདིར་སྡེ་ཚན་སོགས་མི་འདྲ་བའི་ལེའུ་གྲངས་སུ་བགྲང་ན་སུམ་ཅུ་སོ་གསུམ་ཡོད་དེ། བྱེ་བྲག་རྒྱས་བསྡུས་མོ་ཁྲིམས་ལེའུ་སྟེ་དང་པོའོ། །འདུལ་བ་སྤོང་ལེན་གསོ་སྦྱོང་ལེའུ་སྟེ་གཉིས་པའོ། །འདུལ་བ་སྤོང་ལེན་སྦྱོང་གསོའི་ལེའུ་སྟེ་གསུམ་པའོ། །འདུལ་བ་སྤོང་གསོའི་ལེའུ་སྟེ་བཞི་པའོ། །ཀུན་ཏུ་ཤེས་པར་བྱ་བའི་ལེའུ་སྟེ་ལྔ་པའོ། །མུན་དོང་ངན་ལུད་ཁྱུང་བར་བཞག་སྦྱོང་བའི་ལེའུ་སྟེ་དྲུག་པའོ། །སྦྱོང་བ་གཉིས་པའི་ལེའུ་སྟེ་བདུན་པའོ། །དྲང་སྲོང་ཆས་བསྐྱུར་ངན་གསོ་གྱོན་པའི་ལེའུ་སྟེ་བརྒྱད་པའོ། །ཉམས་པ་ཅན་སུན་དབྱུང་བའི་ལེའུ་སྟེ་དགུ་པའོ། །ཡུལ་གྱི་སྦྱངས་པའི་ལེའུ་སྟེ་བཅུ་པའོ། །ཆུ་དགུའི་ལེན་གྲངས་སྦྱངས་པའི་ལེའུ་སྟེ་བཅུ་གཅིག་པའོ། །སྲིད་པའི་ལ་ཚིག་བརྡུང་བཙོག་ལེའུ་སྟེ་བཅུ་གཉིས་པའོ། །དགུ་བཏུད་ཟས་ཀྱི་ལེའུ་སྟེ་སྟེ་བཅུ་གསུམ་པའོ། །ཡུན་རིང་ཐུང་བག་ཤས་དབྱེ་བའི་ལེའུ་སྟེ་བཅུ་བཞི་པའོ། །གསོ་བ་དང་པོའི་ལེའུ་སྟེ་བཅོ་ལྔ་པའོ། །ཚུལ་ཁྲིམས་རྩ་བ་གཅིག་པའི་ལེའུ་སྟེ་བཅུ་དྲུག་པའོ། །བསླབ་པ་དོན་འདྲེལ་དག་བྱེད་ལེའུ་སྟེ་བཅུ་བདུན་པའོ། །བྱ་བྱེད་སྤྱོད་ལམ་དག་བྱེད་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ། །ལྷ་བསྐྱེད་སྙིང་པོ་དྲང་པོའི་ལེའུ་སྟེ་བཅུ་དགུ་པའོ། །ཡན་ལག་མཐར་འདོན་པའི་ལེའུ་སྟེ་ཉི་ཤུ་ཐམ་པའོ། །རྟེན་གསུམ་སྦྱོང་ཉམས་དག་ཚངས་ལེའུ་སྟེ་ཉེར་གཅིག་པའོ། །མཁན་སློབ་གྲངས་བརྩི་རྟེན་ཐུག་ལེའུ་སྟེ་ཉེར་གཉིས་པའོ། །ཉམས་ཤོར་ཤས་དང་སྦྱར་བའི་ལེའུ་སྟེ་ཉེར་གསུམ་པའོ། །ཞེ་བཅད་དང་པོའི་ལེའུ་སྟེ་ཉེར་བཞི་པའོ། །ཁྲིམས་ཀྱི་རྟ་ཕུར་གདབ་པའི་ལེའུ་སྟེ་ཉེར་ལྔ་པའོ། །ཡུལ་སྣང་བདུད་འདུལ་སངས་པའི་ལེའུ་སྟེ་ཉེར་དྲུག་པའོ། །གྲོང་སྤོངས་ཐེམས་དོར་ཉོན་མོངས་དོར་བའི་ལེའུ་སྟེ་ཉེར་དྲུག་པའོ། །ཕོ་མོ་རིག་སྤངས་མི་ཉེ་དོར་བའི་ལེའུ་སྟེ་ཉེར་བདུན་པའོ། །བྱ་བྲག་གཉེན་པོའི་ལེའུ་སྟེ་ཉེར་བརྒྱད་པའོ། །འདོད་པ་ཞེ་བཅད་འདོད་སྤེལ་སྤོངས་བྱེད་ལེའུ་སྟེ་ཉེར་དགུ་པའོ། །མཐུན་བཅུག་བྱ་བྱེད་སྤང་པའི་ལེའུ་སྟེ་སུམ་ཅུ་པའོ། །ཡི་དམ་དོན་འདུལ་བ་བགག་པའི་ལེའུ་སྟེ་སོ་གཅིག་པའོ། །ཞེ་བཅད་ཁོང་ན་བྱ་བའི་ལེའུ་སྟེ་སོ་གཉིས་པའོ། །ཁོ་མ་ནེའུ་ཆུང་མཛད་པའི་ལེའུ་སྟེ་སོ་གསུམ་པའོ། །ཞེས་གསུངས་སོ། །
འདུལ་བ་གཅིག་པོ་ཡན་ཆད་པའི་སྒོ་དང་པོ་བཤད་པ་མིང་ཚིགའདུལ་བ་གཞུང་དམ་པའི་སྡེ་ཚན་ཞིག བཀའ་འགྱུར་འདུལ་བ་པ་པར་བཞུགས།
འདུལ་བ་གཉིས་མིང་ཚིགའཕགས་པ་ཆེན་པོའི་མན་ངག་ཅེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ ལྟུང་བ་འདུལ་བ། དེ་ལས་ལྟུང་བ་ནི། ཡོངས་སུ་རྟོག་པའི་རྩ་བ་ལས་བྱུང་བ། ཚུལ་བཞིན་མ་ཡིན་པའི་རྩ་བ་ལས་བྱུང་བ། མ་རིག་པའི་རྩ་བ་ལས་བྱུང་བ། ཕྱིན་ཅི་ལོག་གི་རྩ་བ་ལས་བྱུང་བ། ཡང་དག་པ་མ་ཡིན་པའི་རྩ་བ་ལས་བྱུང་བ། ཡོད་པ་མ་ཡིན་པའི་རྩ་བ་ལས་བྱུང་བ། འཇིག་ཚོགས་ཀྱི་རྩ་བ་ལས་བྱུང་བ། སེམས་ཅན་དུ་མངོན་པར་ཞེན་པའི་རྩ་བ་ལས་བྱུང་བ། འགྱོད་པའི་རྩ་བ་ལས་བྱུང་བ། འབྱུང་བ་མ་ཡིན་པའི་རྩ་བ་ལས་བྱུང་བ། ཐེ་ཚོམ་གྱི་རྩ་བ་ལས་བྱུང་བ། ཞེན་ཅིང་རྨོངས་པའི་རྩ་བ་ལས་བྱུང་བ། ཤེས་རབ་ཉམས་ཆུང་བའི་རྩ་བ་ལས་བྱུང་བ་སྟེ། འདི་ནི་ལྟུང་བ་ཞེས་བྱའོ། །དེ་ལ་ལྟུང་བ་འདུལ་བ་གང་ཞེ་ན། ཐེ་ཚོམ་མེད་པ་ལ་རབ་ཏུ་གནས་པའི་འབྱུང་བ་སྟེ། ལྟུང་བ་ནི་ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པ། ཕུང་པོར་མ་གྱུར་པ། གཟུང་བ་མེད་པ། སྣང་བ་མེད་པའོ། །སེམས་གང་གིས་ལྟུང་བར་གྱུར་བ་དེའང་ཟད་པ་དང་བྲལ་བ། རྣམ་པར་གྱུར་པ། ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པ། ཕུང་པོར་མ་གྱུར་པ། གཟུང་བ་མེད་པ། སྣང་བ་མེད་པའོ། །སེམས་ཇི་ལྟ་བར་ལྟུང་བའང་དེ་བཞིན་ནོ། ལྟུང་བ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། རྩ་བ་མེད་པའོ། །མི་གནས་པའོ། །གང་སེམས་སོམ་ཉི་མེད་པ་དང༌། རྙོག་པ་མེད་པ་དང༌། ཡང་བ་དང༌། ཞི་བ་དང༌། ཡོངས་སུ་གདུང་བ་མེད་པ་དང༌། གསལ་པ་དང༌། ཤིན་ཏུ་བྱང་བ་དང༌། བླ་མའི་ཚིག་ལ་མོས་པ་དང༌། གཅིག་ཏུ་ངེས་པར་ཐེ་ཚོམ་མེད་ཅིང་གཅིག་ཏུ་ཡིད་ཆེས་པ་འདི་ནི་ལྟུང་བ་འདུལ་བ་ཞེས་བྱའོ། །༢ ཉོན་མོངས་པ་འདུལ་བ། དེ་ལ་ཉོན་མོངས་པ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། མ་རིག་པ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པའི་ཡན་ལག་བཅུ་གཉིས་དང༌། གང་དག་ལ་འདུས་བྱས་འཇུག་པ་འདི་ནི་ཉོན་མོངས་པ་ཞེས་བྱའོ། །དེ་ལ་ཉོན་མོངས་པ་འདུལ་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ནི་ཤིན་ཏུ་དུལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱིས་དུལ་བ་སྟེ། དེ་ལ་འདོད་ཆགས་ཀུན་ཏུ་རྒྱུ་བ་མེད་དོ། །ཞེ་སྡང་མེད་དོ། །གཏི་མུག་མེད་དོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པས་དུལ་བ་སྟེ། དེ་ལ་ཉོན་མོངས་པ་ཐམས་ཅད་ཀུན་ཏུ་རྒྱུ་བ་མེད་དོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པས་དུལ་བ་སྟེ། དེ་ལ་ཀུན་ཏུ་རྒྱུ་བ་ཐམས་ཅད་ཀུན་ཏུ་རྒྱུ་བ་མེད་དོ། །ཆོས་ཐམས་ཅད་ནི་མངོན་པར་འདུ་བྱ་བ་མེད་པས་དུལ་བ་སྟེ། དེ་ལ་མངོན་པར་འདུ་བྱེད་པ་ཐམས་ཅད་ཀུན་ཏུ་རྒྱུ་བ་མེད་དོ། །ཆོས་ཐམས་ཅད་ནི་རྐྱེན་གྱི་ཁ་ན་ལས་པ་སྟེ། དེ་ལ་ལྟ་བར་སོང་བ་ཐམས་ཅད་ཀུན་ཏུ་རྒྱུ་བ་མེད་དོ། །གང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་ལ་ངེས་པ་དང༌། ཡང་དག་པ་ཁོ་ན་དང༌། ཉོན་མོངས་པ་ཐམས་ཅད་ཉོན་མོངས་པ་མ་ཡིན་པ་དང༌། ཤིན་ཏུ་ཞི་བ་དང༌། སྟོང་པ་ཉིད་གང་གིས་བྱང་ཆུབ་སྟོང་པའི་སྟོང་པ་ཉིད་དེས་ཉོན་མོངས་པ་ཐམས་ཅད་སྟོང་པར་གང་དེ་ལྟར་སྟོང་པ་ཉིད་ཁོང་དུ་ཆུད་པ་འདི་ནི་ཉོན་མོངས་པ་འདུལ་བ་ཞེས་བྱ་སྟེ། གང་འདི་སྐད་སྨྲ་བ་འདི་ནི་འདུལ་བ་སྨྲ་བ་ཡིན་ནོ། །བདག་འདུལ་བའི་ཕྱིར་འདུལ་ཞིང་གང་བདག་འདུལ་བ་ཤེས་པ་དེ་ནི་ཉོན་མོངས་པ་འདུལ་བ་ཤེས་པའོ། །དེ་ལ་བདག་འདུལ་བ་གང་ཞེ་ན། གང་བདག་ལ་བདག་མེད་པར་ཤེས་པ་དང༌། བདག་གི་ངོ་བོ་ཉིད་ཤེས་པ་དང༌། བདག་དབེན་པར་ཤེས་པ་དང༌། བདག་ཇི་ལྟ་བ་བཞིན་དང༌། བདག་མི་འཁྲུགས་པ་དང༌། བདག་སྟོང་པ་ཉིད་དང༌། བདག་དངོས་པོ་མེད་པ་ཉིད་དང༌། བདག་དེ་བཞིན་ཉིད་དང༌། བདག་མི་དམིགས་པ་དང༌། བདག་རྒོད་པ་མེད་པ་དང༌། བདག་སྒྲོ་བཏགས་པ་མེད་པ་དང༌། བདག་རྟག་ཏུ་སྐྱེ་བ་མེད་པར་ཤེས་པ་སྟེ། གང་དེ་ལྟར་བདག་ཤེས་པ་ནི་ཉོན་མོངས་པ་རྣམ་པ་ཐམས་ཅད་ཤེས་པའོ། །ཇི་ལྟར་བདག་མེད་པ་ཡང་དག་ཏུ་འདུ་ཤེས་ཕྱིན་ཅི་ལོག་པ་དེ་བཞིན་དུ་ཉོན་མོངས་པ་མེད་པ་ལ་ཉོན་མོངས་པར་འདུ་ཤེས་ཕྱིན་ཅི་ལོག་གོ ། ཇི་ལྟར་བདག་རང་བཞིན་གྱིས་བདག་མེད་པ་དེ་བཞིན་དུ་ཉོན་མོངས་པའང་རང་བཞིན་གྱིས་ཉོན་མོངས་པ་མེད་པ་སྟེ། གང་དེ་ལྟར་ལྷག་མཐོང་གིས་ཤེས་པ་དེ་ནི་ཉོན་མོངས་པ་འདུལ་བ་ཞེས་བྱའོ། །
འདུལ་བ་གཞི་མིང་ཚིགའདུལ་ལུང་སྡེ་བཞིའི་ཡ་གྱལ་ཞིག ཁ་ཆེའི་མཁན་པོ་སརྦ་ཛྙཱ་དེ་བ་དང་། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཁ་ཆེའི་མཁན་པོ་དྷརྨཱ་ཀ་ར་དང་། ལོཙྪ་བ་བན་དེ་དཔལ་གྱི་ལྷུན་པོས་བསྒྱུར་ཅིང་། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།
འདུལ་བ་གཞི་གསུམ་ཆོ་ག་མིང་ཚིགབསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་དབྱར་གནས། གསོ་སྦྱོང༌། དགག་དབྱེ་རྣམས་ཚུལ་ཇི་ལྟར་བྱ་བའི་རིམ་པ་གསལ་བར་སྟོན་པའི་ལག་ལེན་གྱི་ཆོ་ག། དུས་རབས་བཅོ་ལྔ་པར་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་མཛད་པ།