1988

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:42, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan རྫོགས་ཆེན་གྱི་སེམས་ཀློང་མན་ངག་གི་སྡེ་གསུམ།
Tibetan Alternate
Tibetan Definition 1.སེམས་སྡེ་ནི། འདི་ལ་མ་བུ་བསྡོམས་པའི་བཅོ་བརྒྱད་ཡོད་པ་ལས་ལྔ་ནི་ལོ་ཆེན་བཻ་རོ་ཙཱ་ན་དང་། བཅུ་གསུམ་ནི་པཎ་ཆེན་བི་མ་ལ་ལས་བརྒྱུད་པ་ཡིན་ལ་རྫོགས་པ་ཆེན་པོ་སེམས་ཕྱོགས་སུ་གྲགས་པ་ནི། ལོ་ཆེན་བཻ་རོ་ཙ་ན་དང་གཡུ་སྒྲ་སྙིང་པོ་གཉིས་ལ་གཉགས་ཛྙཱ་ན་ཀུ་མ་རས་ཞུས། ཁོང་ལ་བཀའ་ཡི་ཆུ་བོ་ཆེན་པོ་བཞི་འདུས་ཤིང་སློབ་མའི་མཆོག་བཅུ་ལ་སོགས་པ་བྱུང་བ་ནས་སོག་པོ་སངས་རྒྱས་ཡེ་ཤེས་སོགས་ལ་བརྒྱུད་ནས་བྱུང་བ་ཡིན། ཡང་ལོ་ཆེན་བཻ་རོ་ཙ་ནའི་སློབ་མ་སྤངས་སངས་རྒྱས་མགོན་པོས་རྦ་རཀྵི་ཏ་ལ་གསུངས། དེས་ཡ་ཟི་དར་མ་ཤེས་རབ་སོགས་ནས་བརྒྱུད་པ་དང་། ཡང་། བཻ་རོ་ཙ་ནས་ཇོ་མོ་སྒྲེ་མོ་ལ་གསུངས་པ་སོགས་བརྒྱུད་པ་མི་འདྲ་བ་ཡོད། འདིའི་ལྟ་གྲུབ་ནི། རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་དུ་ཆོས་ཅན་གྱི་སྣང་བ་ཐམས་ཅད་རང་སྣང་བཀོད་པའི་རྒྱུན་ཙམ་ལས་འཆིང་གྲོལ་དང་། ཤར་བྱ་ཤར་བྱེད་དུ་མ་གྲུབ་པས་ཡོད་མེད་དང་། ཡིན་མིན་གང་དུའང་མི་དཔྱོད་པར་ཡེ་གྲོལ་ཕྱོགས་འབྱམས་ཆེན་པོར་གཏན་ལ་འབེབས་པ་དེ་ཡིན།

2.ཀློང་སྡེ་ནི། རྫོགས་པ་ཆེན་པོ་ཀློང་སྡེ་ནི་པཎ་ཆེན་བི་མ་ལ་ལས་བྱུང་། དེས་《དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་》ཀྱི་དོན་ཀློང་དགུས་བསྟན་པ་དང་《ཡེ་ཤེས་གསང་བ་》ལ་སོགས་པའི་རྒྱུད་ལ་བརྟེན་ནས་རྡོ་རྗེ་ཟམ་པའི་མན་ངག་རྣམས་བཻ་རོ་ཙ་ནས་དཔང་མི་ཕམ་མགོན་པོ་ལ་གསུངས་པ་རྣམས་རིམ་གྱིས་འཛེང་དྷརྨ་བོདྷི་སོགས་ནས་རིམ་གྱིས་བརྒྱུད་པ་ལས་འཕེལ་རྒྱས་བྱུང་། འདིའི་ལྟ་གྲུབ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་འཁོར་འདས་ཀུན་ལ་ཁྱབ་ཀྱང་། སྣང་བ་དངོས་པོར་རྒྱ་མ་ཆད། སྟོང་པ་དངོས་མེད་དུ་རྒྱ་མ་ཆད། གཉིས་ཀ་མ་ཡིན་པ་ཟུང་འཇུག་གི་ཕྱོགས་སུའང་མ་ལྷུང་ལ། ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ་ཞིང་། རང་རྩལ་མ་འགག་པས་ཆད་པའི་མཐའ་ལས་གྲོལ་བས་བྱ་བྲལ་བདེ་སྡུག་ལས་འདས་པའི་ལྟ་བ་གཏན་ལ་འབེབས་པར་བྱེད་པ་དེ་ཡིན། 3.མན་ངག་གི་སྡེ་ནི། སྙིང་ཏིག་གི་སྐོར་རྣམས་ཏེ། སློབ་དཔོན་པདྨ་འབྱུང་གནས་ནས་བརྒྱུད་པའི་མན་ངག་མཁའ་འགྲོ་སྙིང་ཏིག་དང་པཎ་ཆེན་བི་མ་མི་ཏྲ་ནས་བརྒྱུད་པའི་བི་མ་སྙིང་ཏིག་སོགས་ཡིན་ཞིང་། འདིའི་ལྟ་སྒྲུབ་ནི། འཁོར་འདས་སྤང་བླང་དང་བྲལ་ཞིང་རེ་དོགས་ཕྱོགས་ལྷུང་ལས་བརྒལ་ནས་བློ་དང་ཡིད་དཔྱོད་ལས་འདས་པའི་ཆོས་ཉིད་དེ། གཞི་དབྱིངས་ཀ་དག་མཁྲེགས་ཆོད་དང་། ལམ་སྣང་ལྷུན་གྲུབ་ཐོད་རྒལ་བསྒོམས་པས་བློ་འདས་རང་བྱུང་གི་ཡེ་ཤེས་སྐད་ཅིག་ལ་འཆར་བར་བྱེད་པ་དེ་ཡིན། ཡང་དེ་ལས་ཟབ་པའི་རྫོགས་པ་ཆེན་པོ་སྙིང་ཏིག་ནི་པཎ་ཆེན་བི་མ་ལ་མི་ཏྲ་(སྔ་མ་)བོད་དུ་བྱོན་སྐབས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་མྱང་ཏིང་འཛིན་བཟང་པོ་གཉིས་ལ་གསུངས་ཤིང་། མྱང་གིས་དབུ་རུ་འབྲི་གུང་ཞྭ་ཡི་ལྷ་ཁང་དུ་གཏེར་དུ་སྦས་ནས། ཆིག་བརྒྱུད་ཀྱི་མན་ངག་རྣམས་འབྲོམ་རིན་ཆེན་འབར་ལ་གསུངས་པ་ལས་རིམ་པར་བརྒྱུད། ལྕེ་བཙུན་སེང་གེ་དབང་ཕྱུག་བར་བྱུང་། དེས་གདམས་ངག་རྣམས་གཏེར་ཁ་གསུམ་དུ་སྦས་པ་ལས། རོང་སྣར་མདའི་ལྕེ་སྒོམ་ནག་པོ་དང་། མལ་དྲོ་འཆད་པ་སྟག་གི་ཤངས་པ་རས་པ། ཡར་འབྲོག་གཡུ་མཚོའི་འགྲམ་དུ་འཁྲུངས་པའི་ཞང་བཀྲ་ཤིས་རྡོ་རྗེ་རྣམས་ཀྱིས་གཏེར་ནས་བཏོན་ཏེ། མན་ངག་རྣམས་རིམ་བཞིན་ཀུན་མཁྱེན་ཀློང་ཆེན་པའི་བར་དུ་བྱུང་། ཀུན་མཁྱེན་ཀློང་ཆེན་པས་རྫོགས་པ་ཆེན་པོ་སྙིང་ཏིག་གི་ཆོས་སྐོར་རྣམས་གཞུང་དང་མན་ངག་གང་ཅིའི་ཐད་ནས་དར་རྒྱས་སུ་མཛད་པས་བོད་ཡོངས་སུ་ཀློང་ཆེན་སྙིང་ཏིག་ཅེས་གྲགས་པ་འདི་བྱུང་། ཡང་མཁའ་འགྲོ་སྙིང་ཏིག་ནི། སློབ་དཔོན་དགའ་རབ་རྡོ་རྗེ་ནས་རིག་འཛིན་ཤྲཱི་སིང་ཧ་ལ་གནང་། དེ་ལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གསན་ནས་བོད་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གནང་། དེས་གཏེར་དུ་སྦས་པ་རྣམས་གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་བཏོན་ཏེ་རྒྱལ་སྲས་ལེགས་པ་རྒྱལ་མཚན་སོགས་ནས་རིམ་པར་བརྒྱུད་དེ་དར་རྒྱས་སུ་བྱུང་བ་ཡིན། ལོ་རྒྱུས་ཞིབ་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མས་མཛད་པའི《གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་འབྱུང》དང་། ནམ་པ་མཁའ་སྤྱོད་ཀྱིས་མཛད་པའི《གཏེར་མའི་ལོ་རྒྱུས་གཏེར་སྟོན་ཆོས་འབྱུང》ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་《གཏེར་སྟོན་བརྒྱ་རྩའི་རྣམ་ཐར》བཅས་སུ་གསལ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་1748.7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number