3091

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:49, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཐ་དད་པར་ཤེས་པ་བཞི།
Tibetan Alternate
Tibetan Definition དེ་ཡང་། ཕལ་ཆེན་ལེའུ་སུམ་ཅུ་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་ས་དགུ་པ་ལ་གནས་པའི་ཐ་དད་པར་ཤེས་པ་སྟེ།

1.ཆོས་ཐ་དད་པར་ཡང་དག་པ་ཤེས་པས་ནི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་རབ་ཏུ་ཤེས་སོ། ། གཞན་ཡང་། ཆོས་རྣམས་ཀྱི་རང་བཞིན་མེད་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་རྣམ་པར་དབྱེ་བ་དང་། ཆོས་ཀྱི་བྱེ་བྲག་རབ་ཏུ་ཤེས་པ་དང་། ཆོས་ཀྱི་རྒྱུས་རྣམ་པར་དབྱེ་བ་མ་འདྲེས་པ་མཁས་པས་རབ་ཏུ་ཤེས་པ་དང་། ཆོས་རྣམས་ལས་ཚུལ་གཅིག་ལས་མི་འགྱུར་བ་རབ་ཏུ་ཤེས་པ་དང་། ཐེག་པ་གཅིག་ལ་ཡང་དག་པར་གཞོལ་བ་ཐ་དད་པ་རབ་ཏུ་ཤེས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཡེ་ཤེས་ཀྱི་སྤྱོད་པ་དང་། ཆོས་ཀྱི་སྤྱོད་པ་ཐམས་ཅད་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པར་བྱ་བ་ལ་རབ་ཏུ་འཇུག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཚན་ཉིད་གཅིག་ཏུ་ཁོང་དུ་ཆུད་པར་བྱ་བ་ལ་རབ་ཏུ་འཇུག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་དང་། བྱམས་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོ་དང་། ཐ་དད་པ་ཡང་དག་པར་མཁྱེན་པའི་ཚུལ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོག་པར་བྱ་བ་བཅས་རབ་ཏུ་ཤེས་སོ། ། 2.དོན་ཐ་དད་པར་ཡང་དག་པ་ཤེས་པས་ནི་ཆོས་རྣམས་ཀྱི་རྣམ་པར་དབྱེ་བ་རབ་ཏུ་ཤེས་སོ། ། གཞན་ཡང་། ཆོས་རྣམས་ཀྱི་འབྱུང་བ་དང་། འཇིག་པ་དང་། འདས་པ་དང་། མ་འོངས་པའི་ཆོས་རྣམ་པར་དབྱེ་བ་དང་། དོན་གྱི་བྱེ་བྲག་རབ་ཏུ་ཤེས་པ་དང་། རྗེས་སུ་འགྲོ་བའི་ཡེ་ཤེས་དེ་བཞིན་ཉིད་རྣམ་པར་དགོད་པ་རབ་ཏུ་ཤེས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་ཁོང་དུ་ཆུད་པར་བྱ་བ་ལ་ཡང་དག་པར་འཇུག་པ་དང་། ཐེག་པ་རྣམ་པར་ཕྱེ་བའི་རྣམ་པ་ཐ་དད་པ་ཡང་དག་པར་རབ་ཏུ་ཤེས་པ་དང་། ས་བཅུ་རྣམ་པར་དགོད་ཅིང་ཤིན་ཏུ་བསྟན་པ་རྣམ་པར་ཕྱེ་བ་ལ་ཡང་དག་པར་འཇུག་པ་དང་། དུས་དང་། དངོས་པོ་དང་། མཚན་ཉིད་རྣམ་པར་ཕྱེ་བ་སྣ་ཚོགས་ཁོང་དུ་ཆུད་པར་བྱ་བ་རབ་ཏུ་ཤེས་པ་དང་། སེམས་ཅན་གྱི་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང་། དབང་པོ་ཇི་ལྟ་བ་དང་། མོས་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་བཅས་རབ་ཏུ་ཤེས་སོ། ། 3.ངེས་པའི་ཚིག་ཐ་དད་པར་ཡང་དག་པ་ཤེས་པས་ནི་ཆོས་རྣམས་མ་འདྲེས་པར་བསྟན་པ་དང་། གཞན་ཡང་། ཆོས་ཐམས་ཅད་རྣམ་པར་འགོད་པ་རྒྱུན་འཆད་པ་མེད་པར་ཆོས་སྟོན་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་མ་འདྲེས་པར་ཆོས་སྟོན་པ་དང་། སྐད་ཇི་ལྟ་བ་བཞིན་དུ་བསྟན་པས་ཆོས་སྟོན་པ་དང་། ཀུན་རྫོབ་ཀྱི་རྒྱུས་ཡང་དག་པར་བསྟན་པས་ཆོས་སྟོན་པ་དང་། འགྲོ་བ་ཐམས་ཅད་མངོན་པར་སྨོན་པའི་སྒྲ་དབྱངས་ཤིན་ཏུ་སྙན་པའི་ཚིག་གིས་ཆོས་སྟོན་པ་དང་། ཐེག་པ་ཐམས་ཅད་ཐ་དད་མེད་པར་ཤིན་ཏུ་སྟོན་པ་དང་། སའི་ལམ་ཇི་ལྟ་བ་བཞིན་དུ་ཉེ་བར་བསྒྲུབ་པ་ཐ་མི་དད་པར་ཡང་དག་པར་སྟོན་པ་དང་། ཁོང་དུ་ཆུད་པ་རྣམ་པར་ཕྱེ་བ་བཞིན་དུ་བསྟན་པས་ཆོས་སྟོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་། མ་འདྲེས་པའི་དེ་བཞིན་གཤེགས་པའི་གསུང་རྗེས་སུ་བསྒྲགས་པས་ཆོས་སྟོན་པ་བཅས་རབ་ཏུ་ཤེས་སོ། ། 4.སྤོབས་པ་ཐ་དད་པར་ཡང་དག་པ་ཤེས་པས་ནི་ཆོས་རྣམས་མཐུན་པར་རྗེས་སུ་མཚམས་སྦྱར་བ་རྒྱུན་མི་འཆད་པ་རབ་ཏུ་ཤེས་སོ། ། གཞན་ཡང་། ཇི་ལྟར་རྣམ་པར་འགོད་པ་བཞིན་དུ་འཁྲུགས་པ་མེད་པ་མཐའ་ཡས་པས་ཆོས་སྟོན་པ་དང་། དུས་རེ་རེ་ཞིང་ཆོས་ཀྱི་སྣང་བ་མུ་མེད་པར་ཆོས་སྟོན་པ་དང་། བསམ་པ་ཇི་ལྟ་བ་བཞིན་དུ་ཤེས་པས་ཆོས་སྟོན་པ་དང་། དོན་དམ་པའི་རྒྱུན་ལ་མཁས་པས་ཆོས་སྟོན་པ་དང་། ཕྱི་ཕྱིར་ཞིང་དྲན་པ་མཐའ་ཡས་པས་ཆོས་སྟོན་པ་དང་། ཐེག་པ་རེ་རེ་ལ་ཡང་ཆོས་ཀྱི་སྣང་བ་མུ་མེད་པར་ཤིན་ཏུ་སྟོན་པ་དང་། ས་རེ་རེ་ཞིང་རྣམ་པ་མུ་མེད་པ་ཡང་དག་པར་སྟོན་པ་དང་། ཆོས་ཀྱི་ཚིག་རེ་རེ་ལ་ཡང་བསྐལ་པའི་མཐའ་ཡས་པར་རྒྱུན་མི་འཆད་པར་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་འོད་གསལ་བ་དང་། སྤྱོད་པའི་དཀྱིལ་འཁོར་ལ་མོས་པ་བཅས་ཀྱིས་ཆོས་སྟོན་ཏོ། །

Tibetan Source 《ཕལ་ཆེན་ག་པ་》ཤ་192བ་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number