3627
Tibetan | བྱང་ཆུབ་སེམས་དཔའ་ཁྱིམ་པའམ། རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པའི་ཆོས་བཞི། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།
1.ལས་ཀྱི་མཐའ་ལེགས་པར་བྱས་པ་ལ་བཞི་སྟེ། (1)གང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ངེས་པར་བྱེད་པ་ནི། སྦྱིན་པ་ལ་བྱེད་པ་ནི་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་ཀྱང་བདོག་ལ། སློང་བ་པོ་ཡང་ལེགས་པར་འོངས་ནས། གནོད་པར་བྱས་ཀྱང་རུང་། ཕན་པར་བྱས་ཀྱང་རུང་། ཡོན་ཏན་ཅན་ཡང་རུང་། སྐྱོན་ཅན་ཡང་རུང་བ་ལ་ངེས་པར་སྦྱིན་པར་བྱེད་དེ། དེའི་སྦྱིན་པའི་སེམས་ནི་མིའམ། མི་མ་ཡིན་པའམ། དགེ་སྦྱོང་ངམ། བྲམ་ཟེའམ། སུ་ཡང་རུང་སྟེ། འཇིག་རྟེན་ན་སུ་ཡང་རུང་བས་ཆོས་དང་མཐུན་པས་བསྐྱོད་པར་མི་ནུས་སོ། ། (2)བྱང་བར་བྱེད་པ་ནི། སྦྱིན་པ་ལ་བྱེད་པ་ནི་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱ་བའི་ཆོས་ཀྱང་བདོག་ལ། སློང་བ་པོ་ཡང་ལེགས་པར་འོངས་ན། ཐམས་ཅད་སྦྱིན་པར་བྱེད་དེ། དེའི་ནང་གི་དངོས་པོ་ཡང་སེམས་ཅན་རྣམས་ལ་མི་གཏང་བར་བྱ་བ་ཅི་ཡང་མེད་ན། ཕྱི་རོལ་ལྟ་ཅི་སྨོས། (3)རྟག་ཏུ་བྱེད་པ་ནི། སྦྱིན་པ་ལ་བྱེད་པ་ནི་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པས་ཡོངས་སུ་སྐྱོ་བ་མེད་པར་རྟག་ཏུ་རྒྱུན་མི་འཆད་པ་ཁོ་ནར་དུས་ཐམས་ཅད་དུ་སྦྱིན་པར་བྱ་བའི་ཅི་བདོག་པ་སྦྱིན་པར་བྱ་བའི་ཅི་བདོག་པ་སྦྱིན་པར་བྱེད་དོ། ། (4)ཁ་ན་མ་ཐོ་བ་མེད་པར་བྱེད་པ་གང་ཞེ་ན། སྦྱིན་པ་ལ་བྱེད་པ་ནི་འདི་ལ་བྱང་ཆུབ་སེམས་དཔའ་ཀུན་ནས་ཉོན་མོངས་པ་ཅན་གྱི་སྦྱིན་པ་སྦྱིན་པའི་ལེའུ་ལས་བསྟན་པའི་གང་ཡིན་པའི་ཀུན་ནས་ཉོན་མོངས་པ་དེ་སྤངས་ན། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སྦྱིན་པ་སྦྱིན་ང་ར་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་འདི་ལྟ་སྟེ། སྦྱིན་པ་ལེགས་པར་སྦྱིན་པར་བྱེད་པ་ཡིན་ནོ། ། སྦྱིན་པ་ལ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་ངེས་པར་བྱེད་པ་དང་། བྱང་བར་བྱེད་པ་དང། རྟོག་པར་བྱེད་པ་དང། ཁ་ན་མ་ཐོ་བ་མེད་པ་རྣམ་པ་བཞི་པོ་འདི་དག་ཅི་རིགས་པར་རིག་པར་བྱའོ། ། 2.མཁས་པ་ནི། དེ་ནི་མདོར་བསྡུ་ན་རྣམ་པ་བཅུར་རིག་པར་བྱ་བ་སྟེ། (1)སེམས་ཅན་ཞེ་འགྲས་པ་རྣམས་ཀྱི་སྡང་བ་བསལ་བའི་ཐབས་ལ་མཁས་པ། (2)ཐ་མལ་པ་རྣམས་འཇུག་པར་བྱ་བ་ལ་མཁས་པ། (3)ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ། (4)ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཐབས་ལ་མཁས་པ། (5)འཇིག་རྟེན་པའི་བསྟན་བཅོས་ཐམས་ཅད་ལ་མཁས༌པ། (6)བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་ལ། འཁྲུལ་པ་བྱུང་བ་ལ་རྟོག་པ་ལ་མཁས་པ། (7)ཡང་དག་པའི་སྨོན་ལམ་ལ་མཁས་པ། (8)ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ། (9)རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ། (10)ཐེག་པ་ཆེན་པོ་ལ་མཁས་པའོ། ། 3.གཞན་ལ་ཕན་འདོགས་པ་ནི། བྱང་ཆུབ་སེམས་དཔའ་ནི་བསྡུ་བའི་དངོས་པོ་བཞི་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང། དོན་མཐུན་པ་རྣམས་ལ་བརྟེན་ནས་དེ་དག་ལས་སེམས་ཅན་ལ་ཁ་ཅིག་ལ་ནི་ཕན་པ་ཉེ་བར་སྒྲུབ་པ་བདེ་བར་ཡང་ཉེ་བར་སྒྲུབ། ཕན་པ་དང་བདེ་བ་ཡང་ཉེ་བར་སྒྲུབ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་འདོགས་པ་མདོར་བསྟན་པའོ། ། 4.ཡོངས་སུ་བསྔོ་བ་ནི། བྱང་ཆུབ་སེམས་དཔའ་ནི་ལས་ཀྱི་མཐའ་ལེགས་པར་བྱས་པ་དང། མཁས་པ་དང་། གཞན་ལ་ཕན་འདོགས་པའི་སྒོ་གསུམ་པོ་འདི་དག་གིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དགེ་བའི་རྩ་བ་གང་ཅི་ཡང་བསགས་སོ་ཅོག་དེ་དག་ཐམས་ཅད་སྙིང་ཐོག་པ་ནས་དད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་ཅིང་དགེ་ བའི་རྩ་པ་དེའི་འབྲས་བུ་རྣམ་པར་སྨིན་པར་གཞན་མི་འདོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱུང་ཆུབ་ཁོ་ན་འདོད་དོ། ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་དང་། རབ་ཏུ་བྱུང་བ་རྣམས་ཀྱི་བསླབ་པའི་ཆོས་བསྟན་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ལས་ཀྱི་མཐའ་ལེགས་པར་བྱས་པ་དང་། མཁས་པ་དང་། གཞན་ལ་ཕན་འདོགས་པ་ལ་ཞུགས་པ་དང་། ཡོངས་སུ་བསྔོ་བ་བཞི་པོ་འདི་དག་ཏུ་བསྡུ་བར་རིག་པར་བྱའོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཝི་པ་》ཤ་160ན་2ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |