6656

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:08, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan སྡིག་པའི་འབྲས་བུ་རྣམ་པར་སྨིན་པ་དྲུག
Tibetan Alternate
Tibetan Definition དེ་ཡང་། སངས་རྒྱས་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།

1. མཐོང་བའི་རྣམ་པར་སྨིན་པ་ནི། དང་པོ་མཐོང་པའི་རྣམ་པར་སྨིན་པའི་རྐྱེན་གྱིས་སྡིག་པའི་འབྲས་བུ་འབྱུང་ལ། མཐོང་བ་འདིའི་རྣམ་པར་སྨིན་པ་དང་མཐུན་པར་འཆི་བ་ལ་ཉེ་བ་ན་ཕྱོགས་བཅུར་མེ་འབར་བས་གང་བ་མཐོང་བར་འགྱུར་ཞིང་། འདི་ལ་ཤི་འཕོས་པའི་རྣམ་ཤེས་དུ་བ་སྟེང་འོག་ཏུ་འགྲོ་བའི་རྗེས་སུ་ཞུགས་ནས་མནར་མེད་དུ་ལྷུང་ནས་མཚན་མ་གཉིས་སྣང་བར་འགྱུར་རོ། ། དང་པོ་གསལ་བའི་མཚན་མ་ནི། མི་སྡུག་པའི་རྣམ་པ་སྣ་ཚོགས་མང་པོ་མཐོང་ཞིང་ཚད་མེད་པའི་འཇིགས་པ་འབྱུང་ངོ་། ། གཉིས་པ་མི་གསལ་བའི་མཚན་མ་ནི། མུན་པ་མུན་ནག་གང་ཡང་མི་མཐོང་ཞིང་ཚད་མེད་པའི་སྐྲག་པ་འབྱུང་ངོ་། ། དེ་བཞིན་དུ་མཐོང་བའི་སེམས་མ་ཉན་པ་བསྲེགས་པ་ན་ཟངས་ཞུན་ཁོལ་མར་འགྱུར་རོ། ། དབུགས་བསྲེགས་པ་ན་དུ་བ་ནག་པོ་དང་ན་བུན་སྨུག་པོར་འགྱུར་རོ། ། བྲོ་བ་བསྲེགས་པ་ན་ལྕགས་བསྲེགས་ཀྱི་རིལ་བུར་འགྱུར་རོ། ། རེག་པ་བསྲེགས་པ་ན་མེ་མ་མུར་དང་སོལ་མེར་འགྱུར་རོ། ། སེམས་བསྲེགས་པ་ན་མེ་སྟག་ཀུན་ཏུ་འཕྲོ་བར་འགྱུར་རོ། ། 2. ཐོས་པའི་རྣམ་པར་སྨིན་པ་ནི། གཉིས་པ་ཐོས་པའི་རྣམ་པར་སྨིན་པའི་རྐྱེན་གྱིས་སྡིག་པའི་འབྲས་བུ་འབྱུང་ལ། ཐོས་པ་འདིའི་རྣམ་པར་སྨིན་པ་དང་མཐུན་པར་འཆི་བ་ལ་ཉེ་བ་ན་ཐོག་མར་རྦ་རླབས་འཕྱུར་བས་ས་དང་ནམ་མཁའ་གང་བ་མཐོང་བར་འགྱུར་ཞིང་། འདི་ལ་ཤི་འཕོས་པའི་ རྣམ་ཤེས་རྒྱུན་གྱི་ཤུགས་ཀྱིས་མནར་མེད་དུ་ལྷུང་ནས་མཚན་མ་གཉིས་སྣང་བར་འགྱུར་རོ། ། དང་པོ་མཉན་པ་ན་ཀུ་ཅོ་སྣ་ཚོགས་པ་ཐོས་ཤིང་སེམས་རྨོངས་ཤིང་འཁྲུགས་པར་འགྱུར་རོ། ། གཉིས་པ་མཉན་པ་བཀག་ན་སྒྲ་མེད་པར་གྱུར་ཏེ་མི་གསལ་ཞིང་བྱིང་བར་འགྱུར་རོ། ། དེའི་ཕྱིར་ཐོས་པའི་རྦ་ཀློང་དུ་ཐོས་པ་ནུབ་ན་ཉེས་པ་བརྗོད་ཅིང་ཆད་པ་གཅོད་དོ། ། མཐོང་བ་ནུབ་ན་འབྲུག་གི་ང་རོ་སྒྲོག་ཅིང་དུག་གི་རླངས་པ་འཐིབ་བོ། ། དབུགས་ནུབ་ན་ཆར་དང་ན་བུན་དང་སྲིན་བུ་གདུག་པ་ཅན་བབས་ནས་ལུས་གང་བར་འགྱུར་རོ། ། རོ་ནུབ་ན་རྣག་ཁྲག་ཏུ་གྱུར་ཅིང་སྣ་ཚོགས་པའི་མི་གཙང་བ་དང་དྲི་ང་བར་འགྱུར་རོ། ། རེག་བྱ་ནུབ་ན་སྲོག་ཆགས་དང་འདྲེ་དང་བཤང་གཅིའི་རྫབ་ཏུ་འགྱུར་རོ། ། ཡིད་ནུབ་ན་གློག་དང་སེར་བ་བབས་ཏེ་སྙིང་གས་པར་འགྱུར་རོ། ། 3. སྣོམ་པའི་རྣམ་པར་སྨིན་པ་ནི། གསུམ་པ་སྣོམ་པའི་རྣམ་པར་སྨིན་པའི་རྐྱེན་གྱིས་སྡིག་པའི་འབྲས་བུ་འབྱུང་ལ། སྣོམ་པ་འདིའི་རྣམ་པར་སྨིན་པ་དང་མཐུན་པར་འཆི་བ་ལ་ཉེ་བ་ན་ཐོག་མར་དུག་གི་རླངས་པས་ཕྱོགས་ཐམས་ཅད་གང་ཞིང་འཁྲིགས་པ་མཐོང་བར་འགྱུར་ཞིང་། འདི་ལ་ཤི་འཕོས་པའི་རྣམ་ཤེས་ས་ལ་འཛུལ་ཞིང་བྱུང་སྟེ་མནར་མེད་དུ་ལྷུང་ནས་མཚན་མ་གཉིས་སྣང་བར་འགྱུར་རོ། ། དང་པོ་པ་ཐོས་ན་སྣ་ཚོགས་པའི་དུག་གི་རླངས་པས་བདུགས་ནས་སེམས་རྨོངས་པར་འགྱུར་རོ། ། གཉིས་པ་ཐོས་པ་ཐོགས་པ་ན་དབུགས་འགག་ཅིང་འཐུམས་ནས་འཆི་བ་ལ་ཐུག་པར་འགྱུར་རོ། ། དེའི་ཕྱིར་སྣོམ་པའི་དྲི་དབུགས་ལ་ཕོག་ན་རྒོལ་བ་དང་བརྫི་བར་བྱེད་དོ། ། མཐོང་བ་ལ་ཕོག་ན་མེ་དང་འོད་དུ་འགྱུར་རོ། ། མཉན་པ་ལ་ཕོག་ན་ཟངས་ཞུན་ཁོལ་མ་དང་ཕྱི་སའི་རྫོབ་ཏུ་བྱིང་བར་འགྱུར་རོ། ། རོ་ལ་ཕོག་ན་རུལ་བ་དང་མྱགས་པར་འགྱུར་རོ། ། རེག་བྱ་ལ་ཕོག་ན་ ཤིན་ཏུ་རུལ་ནས་ཤའི་རི་བོ་ཆེན་པོར་གྱུར་ཏེ་བུག་པ་བརྒྱ་སྟོང་གི་ནང་དུ་སྲིན་བུ་གྲངས་མེད་པས་གཞིབས་ནས་ཟོས་པར་འགྱུར་རོ། ། སེམས་པ་ལ་ཕོག་ན་ཐལ་བ་དང་དུག་གི་རླངས་པ་དང་རྡོ་ཆར་དང་བྱེ་མའི་ཆར་གྱིས་བཏབ་ནས་མ་རུངས་པར་བྱེད་དོ། ། 4. རོའི་རྣམ་པར་སྨིན་པ་ནི། བཞི་པ་རོའི་རྣམ་པར་སྨིན་པའི་རྐྱེན་གྱིས་སྡིག་པའི་འབྲས་བུ་འབྱུང་ལ། རོ་འདིའི་རྣམ་པར་སྨིན་པ་དང་མཐུན་པར་འཆི་བ་ལ་ཉེ་བ་ན་ཐོག་མར་ལྕགས་ཀྱི་དྲྭ་བའི་རྒྱ་ལས་མེ་ཤིན་ཏུ་འབར་ནས་འཇིག་རྟེན་ཐམས་ཅད་གང་བ་མཐོང་བར་འགྱུར་ཞིང་འདི་ལ་ཤི་འཕོས་བའི་རྣམ་ཤེས་ལྕགས་ཀྱི་དྲྭ་བ་དྲལ་ནས་སྤྱིའུ་ཚུགས་སུ་མནར་མེད་དུ་ལྷུང་ནས་མཚན་མ་གཉིས་སྣང་བར་འགྱུར་རོ། ། དང་པོ་དབུགས་རྔུབ་པས་འཁྱགས་རོམ་དུ་གྱུར་ནས་གྲང་བས་ལུས་གས་པར་འགྱུར་རོ། ། གཉིས་པ་དབུགས་འབྱུང་བའི་ཚེ་འཐོར་ནས་མེ་རབ་ཏུ་འབར་བར་གྱུར་ཏེ་རུས་པ་དང་རྐང་གི་བར་དུ་རླག་པར་བྱེད་དོ། ། དེའི་ཕྱིར་རོ་མྱོང་བའི་ཚེ་རོ་ལ་སྨིན་ན་བསྲན་ཞིང་བཟོད་དགོས་པར་འགྱུར་རོ། ། མཐོང་བ་ལ་སྨིན་ན་རྡོ་སྲེག་དང་ལྕགས་སྲེག་ལ་བལྡག་པར་འགྱུར་རོ། ། གཉན་པ་ལ་སྨིན་ན་མཚོན་རྣོན་པོར་འགྱུར་རོ། ། དབུགས་ལ་སྨིན་ན་ལྕགས་ཀྱི་སྒྲོམ་ཆེན་པོར་གྱུར་ཏེ་འཇིག་རྟེན་གྱི་ཁམས་གཡོགས་པར་ནུས་སོ། ། རེག་པ་ལ་སྨིན་ན་མདའ་གཞུ་དང་ས་མདའ་དག་གིས་འབོག་པར་འགྱུར་རོ། ། སེམས་པ་ལ་སྨིན་ན་ལྕགས་སྲེག་གི་ཆར་པ་འབབ་པར་འགྱུར་རོ། ། 5. རེག་པའི་རྣམ་པར་སྨིན་པ་ནི། རེག་པའི་རྣམ་པར་སྨིན་པའི་རྐྱེན་གྱིས་སྡིག་པའི་འབྲས་བུ་འབྱུང་ལ། རེག་པ་འདིའི་རྣམ་པར་སྨིན་པ་དང་མཐུན་པར་འཆི་བ་ལ་ཉེ་བ་ན་ཐོག་མར་ཕྱོགས་བཞི་ནས་རི་ཆེན་པོ་བཞིས་བཙིར་བ་མཐོང་ཞིང་ཕྱིར་ཐོན་པའི་ལམ་རྙེད་པར་མི་འགྱུར་རོ། ། ཤི་འཕོས་པའི་རྣམ་ཤེས་ལྕགས་ཀྱི་ར་བ་མཐོང་ནས་ཁ་ནས་མེ་འབར་བའི་སྦྲུལ་དང་ཁྱི་དང་སྟག་དང་སྤྱང་ཀི་དང་སེངྒེ་དང་དམྱལ་སྲུང་གི་གཤིན་རྗེ་གླང་མགོ་དང་སྲིན་པོ་རྟ་མགོ་ཅན་རྣམས་མདུང་རྩེ་གསུམ་བཟུང་ནས་ལྕགས་ཀྱི་ར་བའི་སྒོ་ནང་དུ་བདས་ཏེ་མནར་མེད་དུ་ལྷུང་ནས་མཚན་མ་གཉིས་སྣང་བར་འགྱུར་རོ། ། དང་པོ་རེག་པ་དང་མཐུན་པ་ནི། རི་གཉིས་ཀྱིས་བཙིར་ཞིང་རུས་པ་དང་ཤ་དང་ཁྲག་ཕྱིར་འབྱུང་ངོ་། ། གཉིས་པ་རེག་པ་དང་འབྲལ་བ་ནི། གྲི་དང་རལ་གྲི་ལུས་ལ་གཟིར་ནས་སྙིང་དང་མཆིན་པ་དུམ་བུར་བྱེད་དོ། ། དེའི་ཕྱིར་མཐུན་པའི་རེག་པ་རེག་པ་དང་འཕྲད་ན་ལམ་དང་སྒོ་ཁང་དང་ཁྲིམས་ཁང་དང་ཅོག་སྟགས་སུ་འགྱུར་རོ། ། མཐོང་བ་དང་འཕྲད་ན་སྲེག་ཅིང་འཚིག་གོ ། མཉན་པ་དང་འཕྲད་ན་བརྡུང་བ་དང་བརྡེག་པ་དང་གཟིར་བ་དང་སྣུན་པར་བྱེད་དོ། ། དབུགས་དང་འཕྲད་ན་དཀྲིས་པ་དང་སྦུབས་སུ་འཛུད་པར་བྱེད་དོ། ། རོ་དང་འཕྲད་ན་ རྨོ་བ་དང་ཁ་སྐམ་པས་འབྱེད་པ་དང་གཅོད་པ་དང་དུམ་བུར་བྱེད་དོ། ། སེམས་པ་དང་འཕྲད་ན་གྱེན་དུ་འབྱུང་བ་དང་འོག་ཏུ་བྱིང་བ་དང་འཚེད་པ་དང་སྲེག་པར་འགྱུར་རོ། ། 6. སེམས་པའི་རྣམ་པར་སྨིན་པ་ནི། སེམས་པའི་རྣམ་པར་སྨིན་པའི་རྐྱེན་གྱིས་སྡིག་པའི་འབྲས་བུ་འབྱུང་ལ། སེམས་པ་འདིའི་རྣམ་པར་སྨིན་པ་དང་མཐུན་པར་འཆི་བ་ལ་ཉེ་བ་ན་ཐོག་མར་རླུང་མ་རུངས་པ་ཡུལ་ཁམས་ཀྱི་གནས་དག་གཤིག་ཅིང་ལྡང་བ་མཐོང་ཞིང་འདི་ལ་ཤི་འཕོས་པའི་རྣམ་ཤེས་རླུང་གིས་ནམ་མཁའ་ལ་ཁྱེར་ནས་རྗེས་སུ་མཐུན་པར་བབས་ནས་རླུང་གི་མཐུས་མནར་མེད་དུ་ལྷུང་སྟེ་མཚན་མ་གཉིས་སྣང་བར་འགྱུར་རོ། ། དང་པོ་རིག་པ་ཤིན་ཏུ་འཁྱམས་ནས་མ་བཟོད་དེ་མི་དལ་བར་བྲོས་ཤིང་བྱོལ་བར་བྱེད་དོ། ། གཉིས་པ་རིག་པ་མི་འཁྱམས་པར་སྡུག་བསྔལ་དྲག་པོ་ཚོར་ཞིང་ཤིན་ཏུ་ཚ་བར་བསྲེག་པ་དང་འཚེད་པའི་ཟུག་རྡུ་བཟོད་མི་ནུས་པར་འགྱུར་རོ། ། དེའི་ཕྱིར་ཕྱིན་ཅི་ལོག་གིས་སེམས་པ་བཅིངས་ན་གནས་གཞིར་འགྱུར་རོ། ། མཐོང་བ་བཅིངས་ནི་དབང་པོར་འགྱུར་རོ། ། མཉན་པ་བཅིངས་ན་འཚིར་བའི་རྡོ་ཆེན་པོ་དང་འཁྱགས་པ་དང་བ་ མོ་དང་རྡུལ་དང་ན་བུན་དུ་འགྱུར་རོ། ། དབུགས་བཅིངས་ན་མེའི་ཤིང་རྟ་དང་མེའི་སྒྲོམ་དུ་འགྱུར་རོ། ། རོ་བཅིངས་ན་དུ་འབོད་ཆེན་པོས་སྨྲེ་སྔགས་འདོན་ནོ། ། རེག་པ་བཅིངས་ན་ལུས་ཆེ་ཆུང་དུ་འགྱུར་ཞིང་ཉིན་གཅིག་ལ་ཁྲི་ཕྲག་ཙམ་གྱི་སྐྱེ་འཆི་དང་གན་བུབ་བྱེད་པར་འགྱུར་རོ། །

Tibetan Source 《མདོ་ཝ་པ་》ཤ་542བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number