8563
Tibetan | སྦྱིན་པ་རྣམ་པ་དགུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།
1. སྦྱིན་པའི་ངོ་བོ་ཉིད་ནི། དེ་ཡང་མཚན་ཉིད་རྣམ་པ་ལྔ་སྟེ། (1)རང་བཞིན་ནི། ཡོ་བྱད་ཐམས་ཅད་དང་རང་གི་ལུས་ལ་མི་ལྟ་བའི་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་བསམ་པའོ། ། (2)སྒོ་ནི། དེས་ཀུན་ནས་བསླང་བ་ལ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་དང་ངག་གིས་སོ། ། (3)དངོས་པོ་ནི། སྦྱིན་པར་བྱ་བའི་དངོས་པོ་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་གཏོང་བའོ། ། (4)བསམ་པ་ནི། སྡོམ་པ་ལ་གནས་པ་དང་། འོང་བ་མཐོང་ཞིང་འབྲས་བུ་ལ་ལྟ་བའོ། ། (5)ལེན་པའི་མཚན་ཉིད་དང་ལྡན་པའི་སྦྱིན་པ་ནི། སུ་གང་འདོད་པ་དེ་ལ་དངོས་པོ་དེ་སོ་སོར་སྦྱིན་པར་བྱེད་པའོ། ། 2. ཐམས་ཅད་སྦྱིན་པ་ནི། རྣམ་པ་གཉིས་ཏེ། (1)ནང་གི་དངོས་པོ་སྦྱིན་པ། (2)ཕྱི་རོལ་གྱི་དངོས་པོ་སྦྱིན་པའོ། ། 3. དཀའ་བའི་སྦྱིན་པ་ནི། རྣམ་པ་གསུམ་སྟེ། (1)སྦྱིན་པར་བྱ་བའི་དངོས་པོ་ཆུང་ངུ་བདོག་པ་བདག་ཉིད་ལ་གནོད་པར་བྱས་ཏེ། སྡུག་བསྔལ་དང་དུ་བླངས་ནས་གཞན་དག་ལ་སྦྱིན་པར་བྱེད་པ། (2)སྡུག་པའི་དངོས་པོ་རང་བཞིན་གྱིས་བྱམས་པའམ། ཡུན་རིང་པོ་ནས་འདྲིས་པའམ། ཤས་ཆེར་ཕན་པའམ། སྦྱིན་པར་བྱ་བའི་དངོས་པོ་མཆོག་དང་རབ་མཆོག་ཏུ་གྱུར་པ་ཞེན་པ་བསལ་ནས་གཞན་དག་ལ་སྦྱིན་པར་བྱེད་པ། (3)སྦྱིན་པར་བྱ་བའི་ཆོས་ཚེགས་ཆེན་པོས་སྒྲུབ་པ་གཞན་དག་ལ་སྦྱིན་པར་བྱེད་པའོ། ། 4. ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་ནི། རྣམ་པ་བཞི་སྟེ། (1)སྦྱིན་པར་བྱ་བའི་དངོས་པོ་བདག་ལ་བདོག་པ་ཡང་སྦྱིན་པར་བྱེད་པ། (2)གཞན་དག་ལས་བསླངས་ཏེ། ཡང་སྦྱིན་པར་བྱེད་པ། (3)ལེན་པ་པོ་བདག་གི་ཚལ་པ་ལ་སོགས་པ་ཡང་སྦྱིན་པར་བྱེད་པ། (4)སློང་མོ་པ་གཞན་འདོད་པ་རྣམས་ལ་ཡང་སྦྱིན་པར་བྱེད་པའོ། ། 5. སྐྱེས་བུ་དམ་པའི་སྦྱིན་པ་ནི། རྣམ་པ་བཞི་སྟེ། (1)དང་བས་སྦྱིན་པར་བྱེད་པ། (2)གུས་པས་སྦྱིན་པར་བྱེད་པ། (3)རང་གི་ལག་ནས་སྦྱིན་པར་བྱེད་པ། (4)གཞན་ལ་མི་གནོད་པར་སྦྱིན་པར་བྱེད་པའོ། ། 6. རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ནི། རྣམ་པ་དྲུག་དང་། ། རྣམ་པ་བདུན་ཏེ་སྤྱིར་བསྡོམས་ན་རྣམ་པ་བཅུ་གསུམ་སྟེ། དེ་ལ་ཡོན་ཏན་རྣམ་པ་དྲུག་ནི། (1)མི་རྟེན་པར་སྦྱིན་པ། (2)མི་སྲི་བར་སྦྱིན་པ། (3)དགའ་བར་སྦྱིན་པ། (4)རྒྱུན་མི་འཆད་པར་སྦྱིན་པ། (5)སྣོད་ལ་སྦྱིན་པ། (6)སྣོད་མ་ཡིན་པ་ལ་སྦྱིན་པའོ། ། རྣམ་པ་བདུན་ནི། (1)ཐམས་ཅད་ལ་སྦྱིན་པ། (2)ཀུན་ལ་སྦྱིན་པ། (3)དུས་ཐམས་ཅད་དུ་སྦྱིན་པ། (4)ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ། (5)སེམས་ཅན་གྱི་དངོས་པོ་སྦྱིན་པ། (6)ཡུལ་གྱི་དངོས་པོ་སྦྱིན་པ། (7)ནོར་དང་འབྲུའི་དངོས་པོ་སྦྱིན་པའོ། ། 7. ཕོངས་ཤིང་འདོད་པ་ལ་སྦྱིན་པ་ནི། རྣམ་པ་བརྒྱད་དེ། (1)ཟས་དང་སྐོམ་གྱིས་ཕོངས་ཤིང་འདོད་པ་རྣམས་ལ་ཟས་དང་སྐོམ་སྦྱིན་པ། (2)བཞོན་པས་ཕོངས་ཤིང་འདོད་པ་རྣམས་ལ་བཞོན་པ་སྦྱིན་པ། (3)གོས་ཀྱིས་ཕོངས་ཤིང་འདོད་པ་རྣམས་ལ་གོས་སྦྱིན་པ། (4)རྒྱན་གྱིས་ཕོངས་ཤིང་འདོད་པ་རྣམས་ལ་རྒྱན་སྦྱིན་པ། (5)སྣོད་སྤྱད་ཀྱིས་ཕོངས་ཤིང་འདོད་པ་རྣམས་ལ་སྣོད་སྤྱད་སྦྱིན་པ། (6)སྤོས་དང་མེ་ཏོག་ཕྲེང་དང་བྱུག་པས་ཕོངས་ཤིང་འདོད་པ་རྣམས་ལ་སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་སྦྱིན་པ། (7)གནས་ཀྱིས་ཕོངས་ཤིང་འདོད་པ་རྣམས་ལ་གནས་སྦྱིན་པ། (8)སྣང་བས་ཕོངས་ཤིང་འདོད་པ་རྣམས་ལ་སྣང་བ་སྦྱིན་པའོ། ། 8. འདི་དང་གཞན་དུ་བདེ་བར་འགྱུར་བའི་སྦྱིན་པ་ནི། རྣམ་པ་དགུ་སྟེ། (1)ཟང་ཟིང་གི་སྤྱིན་པ་སེར་སྣ། (2)གསོག་འཇོག་གི་དྲི་མ་བསལ་ནས་བཟང་པོ། (3)གཙང་བ་དང་རུང་བ་སྦྱིན་པ་གསུམ། (4)མི་འཇིགས་པའི་སྦྱིན་པ་དུད་འགྲོ་ལ་སོགས་པ་བགྲོང་བ་མ་ཡིན་པ་ལས་བསྐྱབ་པ། (5)མི་བགྲོང་བ་མ་ཡིན་པ་ལས་བསྐྱབ་པ། (6)སེམས་ཅན་དུ་བགྲོང་བ་མ་ཡིན་པ་ལས་བསྐྱབ་པ་དང་བསྐྱབ་པ་གསུམ། (7)ཆོས་ཀྱི་སྦྱིན་པ་ཕྱིན་ཅི་མ་ལོག་པར་སྟོན་པ། (8)རིགས་པར་སྟོན་པ། (9)བསླབ་པའི་གཞི་ཡང་དག་པར་འཛིན་དུ་འཇུག་པ་དང་གསུམ་བཅས་སོ། ། 9. རྣམ་པར་དག་པའི་སྦྱིན་པ་ནི། རྣམ་པ་བཅུ་སྟེ། (1)ཐོགས་པ་མེད་པའི་སྦྱིན་པ། (2)མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ། (3)བསགས་པ་མེད་པའི་སྦྱིན་པ། (4)ཁེངས་པ་མེད་པའི་སྦྱིན་པ། (5)མི་རྟེན་པའི་མེད་པའི་སྦྱིན་པ། (6)ཞུམ་པ་མེད་པའི་སྦྱིན་པ། (7)ངན་པ་མ་ཡིན་པའི་སྦྱིན་པ། (8)རྒྱབ་ཀྱིས་ཕྱོགས་པ་མེད་པའི་སྦྱིན་པ། (9)ལན་ལ་མི་ལྟ་བའི་སྦྱིན་པ། (10)རྣམ་པར་སྨིན་པ་ལ་མི་ལྟ་བའི་སྦྱིན་པའོ། ། |
Tibetan Source | 《བསྟན་འགྱུར་སྣ་ཚོགས་ཆོ་པ་》ཤ་276ན་1ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |