8889

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:16, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཆོས་ལ་འཇུག་པ་བཅུས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་བ་བཅུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་སྟེ།

1. བདག་མེད་པ། ཇི་ལྟར་ན་བདག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་དངོས་པོའང་མ་ཡིན། དངོས་པོ་མེད་པའང་མ་ཡིན་ནོ། ། གལ་ཏེ་སྟོང་པ་ཉིད་དངོས་པོ་ཡིན་དུ་ཟིན་ན་ནི་སྟོང་པ་ཉིད་འདུས་བྱས་དང་། མི་རྟག་པར་འགྱུར་རོ། ། ཅི་སྟེ་སྟོང་པ་ཉིད་དངོས་པོ་མེད་པ་ཡིན་དུ་ཟིན་ན་ནི་སྟོང་པ་མི་སྟོང་པར་འགྱུར་ཏེ། དེའི་ཕྱིར་སྟོང་པ་ཉིད་དངོས་པོའང་མ་ཡིན། དངོས་པོ་མེད་པའང་མ་ཡིན་ཏེ། དེ་ལྟར་བདག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། ། 2. སེམས་ཅན་མེད་པ། ཇི་ལྟར་ན་སེམས་ཅན་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སེམས་ཅན་ནི་སྟོང་པའང་མ་ཡིན། མི་སྟོང་པའང་མ་ཡིན་ནོ། ། གལ་ཏེ་སེམས་ཅན་སྟོང་པ་ཡིན་ན་ནི་སྲོག་གཅོད་པ་བྱས་ཀྱང་སྡིག་པར་མི་འགྱུར་རོ། ། འོན་ཏེ་སྟོང་པ་མ་ཡིན་ན་ནི་རྟག་པར་འགྱུར་རོ། ། དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་སེམས་ཅན་ནི་རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན། འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ཞེས་གསུངས་ཏེ། དེ་ལྟར་ན་སེམས་ཅན་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། ། 3. སྲོག་མེད་པ། ཇི་ལྟར་ན་སྲོག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་མི་འཚོ་མི་འཆིའོ། ། དེ་ལ་མིག་ནི་བདག་དང་། བདག་གིས་སྟོང་ངོ་། ། གང་བདག་དང་། བདག་གིས་སྟོང་པ་དེ་ནི་མི་འཚོ་མི་འཆིའོ། ། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བདག་དང་། བདག་གིས་སྟོང་ངོ་། ། གང་བདག་དང་། བདག་གིས་སྟོང་པ་དེ་ནི་མི་འཚོ་མི་འཆི་བ་སྟེ། དེ་ལྟར་ན་སྲོག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། ། 4. གང་ཟག་མེད་པ། ཇི་ལྟར་ན་གང་ཟག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་གང་ཟག་ཏུ་བགྲང་བ་མ་ཡིན། སྟོང་པ་ཉིད་ནི་ཆོས་སུ་བགྲང་བ་མ་ཡིན་ནོ། ། ཕུང་པོ་དག་ཁམས་དང་། སྐྱེ་མཆེད་རྣམས་ནི་སྟོང་པ་ཡིན་ཏེ། དེ་དག་བཟུང་ནས་གང་ཟག་ཅེས་བཏགས་སོ། ། གང་བཟུང་ནས་བཏགས་པ་དེ་ནི་ཡོད་པ་དང་། མེད་པ་ཞེས་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་ལྟར་གང་ཟག་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། ། 5. རྗེ་མེད་པ། ཇི་ལྟར་ན་རྗེ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ལས་རྣམ་པར་གྲོལ་བའི་ཆོས་གང་ཡང་མེད་པས་གང་སྟོང་པ་ཉིད་ཀྱི་རྗེར་འགྱུར་བའི་ཆོས་གང་ཡང་མེད་དེ། དེ་ལྟར་རྗེ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། ། 6. སྐྱེ་བ་མེད་པ། ཇི་ལྟར་ན་སྐྱེ་བ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་མི་སྐྱེ་སྟེ། གལ་ཏེ་སྟོང་པ་ཉིད་སྐྱེ་ན་ནི་སྟོང་པ་ཉིད་དུ་མི་འགྱུར་ཏེ། དེ་ལྟར་ནི་སྟོང་པ་ནི་སྟོང་པ་མ་ཡིན་པར་འགྱུར་རོ། ། གལ་ཏེ་སྐྱེས་པས་མི་སྟོང་སྟེ། སྟོང་པ་ཉིད་བདག་ཉིད་ཀྱིས་སྐྱེ་ན་ནི་མ་སྐྱེས་པ་དེ་མི་སྟོང་བར་མི་འགྱུར་ཏེ། དེ་ལྟར་སྐྱེ་བ་མེད་པས་སྟོང་པ་ཉིད་སྐྱེ་ན་ནི་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། ། 7. འགག་པ་མེད་པ། ཇི་ལྟར་འགག་པ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། གང་སྐྱེ་བ་དེ་ནི་འགག་སྟེ། སྟོང་པ་ཉིད་ནི་སྐྱེ་བ་མ་ཡིན་ནོ། ། གང་མི་སྐྱེ་བ་དེ་ཇི་ལྟར་འགག་པར་འགྱུར་ཏེ། དེ་ལྟར་འགག་པ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། ། 8. མངོན་པར་འདུ་མི་བྱེད་པ། ཇི་ལྟར་མངོན་པར་འདུ་མི་བྱེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་མི་བྱ་མི་བྱེད་དོ། ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ནི་སྟོང་པ་ཡིན་ཏེ། དེ་དག་བཟུང་ནས་སྟོང་པ་ཉིད་དུ་འདོགས་སོ། ། དེ་ལྟར་མངོན་པར་འདུ་མི་བྱེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། ། 9. བྱེད་པ་མེད་པ། ཇི་ལྟར་ན་བྱེད་པ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་གང་གིས་ཀྱང་འདི་ལྟ་འདི་ལྟ་བུར་གྱིས་ཤིག་ཅེས་བྱེད་དུ་གཞུག་པ་མ་ཡིན་ཏེ། དེ་ལྟར་བྱེད་པ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། ། 10 .བདག་པོ་མེད་པ། ཇི་ལྟར་ན་བདག་པོ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན། སྟོང་པ་ཉིད་ནི་ཡུལ་མ་ཡིན་ཞིང་ཡུལ་མེད་པ། སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བ་སྟེ། དེ་ལྟར་བདག་པོ་མེད་པས་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །

Tibetan Source 《མདོ་ཛ་པ་》ཤ་19བ་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number