9349

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:18, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའི་བདེན་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་སྟེ།

1. ཀུན་རྫོབ་ཀྱི་བདེན་པ་ནི། ཚད་དང་འབྲེལ་པ། ཡུལ་ཡོངས་སུ་ཆད་པ། ཀུན་ཏུ་ཐ་སྙད་གདགས་པའི་ཕྱིར་གཞན་གྱི་དབང་གིས་སྟོན་པ། ཆུང་བ། རྒྱ་ཆེན་པོ་མ་ཡིན་པ་སྟེ། འདི་ནི་ཀུན་རྫོབ་ཀྱི་བདེན་པའོ། 2. དོན་དམ་པའི་བདེན་པ་ནི། ཟབ་པ། སྟོང་པ་ཉིད་དང་རབ་ཏུ་ལྡན་པ། ཡུལ་ཡོངས་སུ་མ་ཆད་པ། གཞན་གྱི་རྐྱེན་གྱིས་མ་ཡིན་པ། མཉམ་པ་དང་། མི་མཉམ་པ་མེད་པ། མོ་འཁྱུགས་པ། རྩོད་པ་མེད་པའི་མཚན་ཉིད་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ། འདི་ནི་དོན་དམ་པའི་བདེན་པའོ། ། 3. མཚན་ཉིད་ཀྱི་བདེན་པ་ནི། གནོད་པ་མེད་པའི་མཚན་ཉིད་ནི་སྡུག་བསྔལ་བ། རབ་ཏུ་སྐྱེ་བའི་མཚན་ཉིད་ནི་ཀུན་འབྱུང་བ། ཞི་བའི་མཚན་ཉིད་ནི་འགོག་པ། ངེས་པར་འབྱིན་པའི་མཚན་ཉིད་ནི་ལམ་སྟེ། འདི་ནི་མཚན་ཉིད་ཀྱི་བདེན་པ་ཞེས་བྱ་བའོ། ། གཞན་ཡང་། ཆོས་ཐམས་ཅད་རང་བཞིན་གྱིས་བདག་མེད་པའི་མཚན་ཉིད་དུ་ཤེས་ནས་ངེས་པར་གྱུར་པ་ལ་འཇུག་པ་སྟེ། མཚན་ཉིད་ལས་གྱུར་བའི་ངེས་པར་གྱུར་པ་ནི་མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་ཞི་བའི་མཚན་ཉིད་དང་། རང་བཞིན་གྱིས་སྟོང་པའི་མཚན་ཉིད་དང་། རང་བཞིན་གྱིས་མི་སྐྱེ་མི་འགག་པའི་མཚན་ཉིད་དུ་ཤེས་ནས་ངེས་པར་གྱུར་པ་ལ་འཇུག་སྟེ། མཚན་ཉིད་ལས་གྱུར་བའི་ངེས་པར་གྱུར་པ་ནི་མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། ། 4. རྣམ་པར་དབྱེ་བའི་བདེན་པ་ནི། རྣམ་པར་དབྱེ་བའི་མཚན་ཉིད་ནི་ཆོས་ཐམས་ཅད་མཚན་ཉིད་གཅིག་པ་ལས་གཞན་གྱི་དབང་གིས་རྣམ་པར་ཕྱེ་སྟེ་བསྟན་པའོ། ། མཚན་ཉིད་གཅིག་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ། སྨོན་པ་མེད་པ། མངོན་པར་འདུ་མི་བྱེད་པ། མ་སྐྱེས་པ། མ་བྱུང་བ། མ་འགགས་པ་འདི་ནི་སྟོང་པ་ཉིད་དེའི་རྣམ་པར་དབྱེ་བ་སྟེ། རྣམ་པར་དབྱེ་བ་དེ་དག་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། ། དེ་ལྟར་སྟོང་པ་ཉིད་ལ་སླུ་བར་མི་བྱེད་པ་དེའི་ཕྱིར་རྣམ་པར་དབྱེ་བའི་བདེན་པ་ཞེས་བྱ་སྟེ། འདི་ནི་རྣམ་པར་དབྱེ་བའི་བདེན་པ་ཞེས་བྱའོ། ། 5. ཕྱེ་སྟེ་རྟོག་པའི་བདེན་པ་ནི། ཕྲལ་ནས་རྟོག་པ་ནི་ཕྱེ་སྟེ་རྟོག་པ་སྟེ། ངེས་པར་སེམས་པ། རིག་པ་མཐོང་བ། ཁོང་དུ་ཆུད་པ། མངོན་པར་རྟོག་པ། ཤེས་པ་ཤེས་བྱ་ལ་མི་སླུ་བ་སྟེ། དེའི་ཕྱིར་ཕྱེ་སྟེ་རྟོག་པའི་བདེན་པ་ཞེས་བྱའོ། ། 6. དངོས་པོའི་བདེན་པ་ནི། དངོས་པོ་ཤེས་པ་སྟེ། དངོས་པོ་དེ་དག་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སོ། ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་དག་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། སྟོང་པ་དང་། ། དངོས་པོ་མེད་པར་ཤེས་པ་སྟེ། དེ་ལྟར་ཤེས་ནས་ངེས་པར་གྱུར་པ་ལ་འཇུག་པས་དེའི་ཕྱིར་དངོས་པོའི་བདེན་པ་ཞེས་བྱའོ། ། 7. ནུས་པའི་བདེན་པ་ནི། ཡེ་ཤེས་དེ་དང་། སྤོང་བ་དེ་དང་། ལམ་དེས་ཉོན་མོངས་པ་སྤོང་བར་བྱེད་པ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཁོང་དུ་ཆུད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་པོ་ཉིད་ཁོང་དུ་ཆུད་པར་ནུས་པ་སྟེ། དེའི་ཕྱིར་ནུས་པའི་བདེན་པ་ཞེས་བྱའོ། ། 8. ཟད་པ་དང་། མི་སྐྱེ་བ་ཤེས་པའི་བདེན་པ་ནི། འདུས་བྱས་ཐམས་ཅད་ཟད་པ་ཅན་དུ་སྟོན་ཏེ། ཟད་པ་དེའང་མི་ཟད་ལ་ཟད་པ་ལ་ཟད་པ་མེད་དོ། ། གལ་ཏེ་ཟད་པ་ལ་ཟད་པ་ཡོད་དུ་ཟིན་ན་འགོག་པའང་ཟད་པར་འགྱུར་ཏེ། དེའི་ཕྱིར་ཟད་པ་ཟད་པར་མི་འགྱུར་རོ། ། གང་ཟད་པར་མི་འགྱུར་བ་དེ་མི་སྐྱེ་སྟེ། འདི་ནི་ཟད་པ་དང་། མི་སྐྱེ་བ་ཤེས་པའི་བདེན་པ་ཞེས་བྱའོ། ། 9. ལམ་ལ་འཇུག་པའི་བདེན་པ་ནི། ཡེ་ཤེས་ཀྱི་ལམ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་བསགས་པ་གང་གིས་ཆོས་ཐམས་ཅད་མ་སྐྱེས་མི་འགགས་པར་ཤེས་པ་དེས་འཇུག་ཅིང་འཛུད་པ་སྟེ། དེའི་ཕྱིར་ལམ་ལ་འཇུག་པ་ཤེས་པའི་བདེན་པ་ཞེས་བྱའོ། ། 10 .དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་ནི། ཆོས་ཀྱི་སྤྲིན་གྱི་ས་དང་། དེ་བཞིན་གཤེགས་པའི་སའི་བར་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་སྟེ། དེ་བསྟན་པའི་ལམ་གྱིས་མངོན་པར་རྟོགས་པའོ། །

Tibetan Source 《མདོ་ཛ་པ་》ཤ་48ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number