Semantic search

Jump to navigation Jump to search
ExpressionPart of SpeechDefinitionExample
གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་མིང་ཚིགམདོ། ཕར་ཕྱིན། ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་ཅིག་ཅར་དུ་བཀག་ནུས་ལ། དེའི་ཚེ་བདེན་བཞིའི་སྟེང་དུ་གཟུང་བའི་དོན་དུ་སྤྲོས་པ་བཀག་པའི་ཆ་ནས་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སུ་འཇོག་གོ ། ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། པཎ་ཆེན་ངག་ཆོས་ཀྱིས། ཐེག་ཆེན་འཕགས་པའི་ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་གཅིག་ཆར་དུ་བཀག་ནུས་ལ། དེའི་ཚེ་བདེན་བཞིའི་སྟེང་དུ་གཟུང་བ་ཕྱི་རོལ་གྱི་དོན་དུ་ཞེན་པའི་སྤྲོས་པ་བཀག་སྟེ། གཞི་གཟུང་བ་ཆོས་ཀྱི་(བདག་གི་)སྐྱེ་མེད་དུ་རྟོགས་པའི་ལྡོག་ཆ་ནི། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སོ། །ཞེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །
སྤོང་བའི་ལམ་གྱི་རིགས་འདྲ་ཕྱི་མ་བཞི་མིང་ཚིགམདོ། ཕར་ཕྱིན། སྤོང་བའི་ལམ་བཞི་ཡོད་དེ། ཆོས་བཟོད་བར་ཆད་མེད་ལམ་གྱི་རྣམ་པ་ཡུལ་བདེན་བཞིས་བསྡུས་པའི་ཡུལ་ཅན་ཀུན་ནས་ཉོན་མོངས་དང་མི་ལྡན་པའི་མཚན་ཉིད་བཞི་ཡོད་པའི་ཕྱིར།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་ཞེས་པ་ནི། རང་མཚན་དེ་རང་འཛིན་རྟོག་པ་ལ་སྣང་བའི་སྣང་བ་སྤྱི་མཚན་དེ་དང་རང་འཛིན་རྟོག་པ་ལ་སྣང་བའི་རང་མཚན་གཉིས་གཅིག་ཏུ་འཁྲུལ་བའི་རྒོལ་བ་ལ། སྣང་བ་སྤྱི་མཚན་དེ་དངོས་མེད་དུ་སྒྲུབ་པའི་རིགས་པ་ཞིག་སྟེ། དངོས་དང་ཞར་བྱུང་གི་རིགས་པ་བརྒྱད་དུ་ཕྱེ་ནས་རྣམ་འགྲེལ་རྩ་བ་དང་སྦྱར་དུ་ཡོད། དེ་ལྟར་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་རྒྱ་ཆེར་བཤད་པ་རིགས་པའི་རྒྱ་མཚོ་ལས། སྤྱི་མཚན་ཡིན་ན་དངོས་པོ་མིན་པའི་སྒྲུབ་བྱེད་བཤད་པ་ནི། གལ་ཏེ་སྤྱི་མཚན་གང་ཡིན་ཐམས་ཅད་རང་འཛིན་ཤེས་པ་བསྐྱེད་པ་ཙམ་གྱི་དོན་བྱེད་པས་ཀྱང་སྟོང་པའི་དངོས་མེད་དུ་སྨྲས་ན། དེ་ལ་རིགས་པ་ཅི་ཞིག་ཡོད་ཅེ་ན། དེའི་ལན་ལ་རིགས་པ་རྒྱས་པར་བསྟན་པ་དང་། དེ་གྲུབ་པའི་དོན་བསྡུ་བ་གཉིས། ཞེས་དང། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བརྒྱད་འདོད་པ་དག་ཀྱང་། སློབ་དཔོན་ལྷ་དབང་བློའི་འགྲེལ་བ་ལ་སྦྱར་དུ་རུང་བ་ཙམ་སྣང་ངོ་། །ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་གཉིས་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་གཉིས་པ་ནི། རྟོག་པའི་གཟུང་ཡུལ་དང་བརྗོད་བྱེད་ཀྱི་སྒྲ་དེའི་དངོས་ཀྱི་བརྗོད་བྱ་དོན་སྤྱི་དེ་དོན་དམ་པར་རང་བཞིན་གྱིས་གྲུབ་པ་དགག་པའི་རིགས་པ་ཞིག་སྟེ། རིགས་སུ་བཏགས་པའི་རྟོག་པའི་བཟུང་ཡུལ་ལམ་དོན་སྤྱི་དེ་ཆོས་ཅན། ཁྱོད་ལ་རང་མཚན་གྱི་ངོ་བོ་ཅུང་ཟད་ཀྱང་མེད་དེ། རང་གི་གསལ་བ་དང་རྫས་གཅིག་དང་ཐ་དད་གང་དུ་ཡང་མེད་པའི་ཕྱིར་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སྤྱི་དེ་ཆོས་ཅན། གསལ་བ་དང་འབྲེལ་མེད་དུ་ཐལ། དེ་ལ་བལྟོས་མེད་གྱི་རྫས་གཞན་ཉིད་ཡིན་པའི་ཕྱིར། དེ་ཆོས་ཅན། རང་བཞིན་མེད་པར་གྲུབ་སྟེ། གསལ་བ་རང་མཚན་དང་རྫས་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པ་དེའི་ཕྱིར། ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་གསུམ་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་གསུམ་པ་ནི། ཁ་ཅིག་སྤྱི་མཚན་དངོས་པོ་ཡིན་པར་འདོད་པ་དེ་ཡུལ་ཅན་གྱི་ངོས་ནས་བརྟགས་ལ་དགག་པའི་རིགས་པ་ཞིག་སྟེ། རིགས་པ་ནི། ཡུལ་ད་ལྟ་བ་བུམ་པ་རྟོགས་པའི་བློ་ཆོས་ཅན། རང་མཚན་བུམ་པ་བཟུང་དོན་དུ་བྱས་ནས་རང་ཡུལ་འཛིན་པ་མ་ཡིན་པར་ཐལ། སྒྲའི་བདག་རྐྱེན་བྱས་པ་ལས་ཞིག་པ་སྟེ་འདས་པའི་ཡུལ་ལ་རྟོག་པ་ཇི་ལྟ་བ་བཞིན་དུ་རང་ཡུལ་མི་གསལ་བར་དོན་སྤྱི་དང་འདྲེས་ནས་སྣང་བའི་བློ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། གཉིས་པ་ལ། སྤྱི་མཚན་དངོས་པོ་ཡིན་པ་ཡུལ་ཅན་གྱི་ངོས་ནས་བརྟགས་ལ་དགག་པ་དང། ཡུལ་གྱི་ངོས་ནས་བརྟགས་ལ་དགག་པ་གཉིས། དང་པོ་ནི། མ་ཞིག་པ་ད་ལྟ་བའི་བུམ་པ་ལ་རྟོག་པའི་བློ་ཆོས་ཅན། དངོས་པོ་རང་མཚན་བཟུང་དོན་དུ་བྱས་ནས་འཛིན་པ་མ་ཡིན་པར་ཐལ། སྒྲའི་བདག་རྐྱེན་ལས་ཞིག་པ་ལ་རྟོག་པའི་བློ་ལ་ཅི་འདྲ་སྣང་བ་དེ་དང་འདྲ་བར་མི་གསལ་བར་སྣང་བའི་ཕྱིར། ཁྱབ་པར་ཐལ། རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་རང་མཚན་བཟུང་དོན་དུ་ཡོད་པ་ཅན་ལ་འདས་པ་ལ་རྟོག་པ་དང་སྣང་ཚུལ་མཚུངས་པ་དེ་དག་མེད་པའི་ཕྱིར། ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་དང་པོ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་དང་པོ་ནི། དངོས་པོ་དོན་དམ་པར་བརྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་པ་འགོག་པའི་རིགས་པ་ཞིག་སྟེ། དེ་ཡང་ཐལ་ངག་གི་དབང་དུ་བྱས་ན། གཟུགས་སོགས་ཆོས་ཅན། ཕྱི་རོལ་གྱི་དངོས་པོའི་ངོ་བོ་མིན་པར་ཐལ། དོན་དམ་པར་སྒྲའི་བརྗོད་བྱ་ཉིད་དུ་གྲུབ་པའི་ཕྱིར་རོ། །ཐལ་བ་དེས་འཕངས་པའི་རྟགས་སྦྱོར་ནི། ཤེས་བྱ་ཆོས་ཅན། དོན་དམ་པར་སྒྲའི་བརྗོད་བྱ་མེད་དེ། གཟུགས་སོགས་ཕྱི་རོལ་གྱི་དངོས་པོ་མཐོང་བའི་དབང་ཤེས་སྲིད་པའི་ཕྱིར་རོ། །ཞེས་འགོད་པར་བྱའོ། རིགས་པའི་གནད་ནི། གཟུགས་སོགས་དོན་དམ་པར་སྒྲའི་བརྗོད་བྱར་སོང་ན། སྒྲ་བརྗོད་པ་ཙམ་གྱིས་དབང་བོའི་མངོན་སུམ་བཞིན་དུ་གཟུགས་སོགས་གསལ་བར་སྣང་བར་འགྱུར་ལ། དེ་ལྟར་ན་དབང་བློ་སྟེ་དབང་བོའི་མངོན་སུམ་དོན་མེད་པར་འགྱུར་རོ་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། གཟུགས་དེ་ཆོས་ཅན། ཕྱི་རོལ་གྱི་དངོས་པོའི་ངོ་བོ་མིན་པར་ཐལ། དོན་དམ་པར་སྒྲའི་བརྗོད་བྱ་ཉིད་ཡིན་པའི་ཕྱིར། ཐལ་བ་དེས་འཕངས་པ་ནི། དོན་དམ་པར་སྒྲའི་བརྗོད་བྱ་མེད་དེ། གཟུགས་སོགས་ཕྱི་རོལ་གྱི་དངོས་པོ་མཐོང་བའི་དབང་བློ་ཡོད་པའི་ཕྱིར། ཅེས་པ་སྟེ་གཟུགས་སོགས་དོན་དམ་པར་སྒྲའི་བརྗོད་བྱ་ཡིན་ན་སྒྲ་བརྗོད་ཙམ་གྱིས་ཕྱི་རོལ་གསལ་བར་སྣང་བར་འགྱུར་ལ། དེ་ལྟ་ན་དབང་ཤེས་དོན་མེད་དུ་ཐལ་བར་འགྱུར་རོ། །ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་དྲུག་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་དྲུག་པ་ནི། རང་ཡུལ་སྣང་བ་བརྡ་ལ་ལྟོས་པའི་རྟགས་ཀྱིས་རང་ཡུལ་གྱི་དོན་སྤྱི་དང་འདྲེས་ནས་སྣང་བའི་བློ་དེའི་སྣང་བ་རྫས་སུ་གྲུབ་པ་དགག་པའི་རིགས་པ་ཞིག་སྟེ། རིགས་པ་ནི། སྤྱི་བློ་ཆོས་ཅན། ཁྱོད་ལ་རང་ཡུལ་སྣང་བ་རྫས་སུ་མ་གྲུབ་སྟེ། ཁྱོད་ཀྱི་ཡུལ་བརྡ་ལ་ལྟོས་པ་མེད་པར་སྣང་བ་དེ་འདྲ་མ་ཡིན་པར་བརྡ་ལ་བལྟོས་ནས་སྣང་བ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སྤྱི་ཡི་བློ་ཆོས་ཅན། ཁྱོད་ལ་རང་ཡུལ་སྣང་བ་རྫས་སུ་གྲུབ་པ་མ་ཡིན་ཏེ། ཁྱོད་ཀྱི་ཡུལ་བརྡ་ལ་བལྟོས་པ་མེད་པ་དེ་ལྟར་སྣང་བ་མེད་པར་བརྡ་ལ་བལྟོས་པའི་ཕྱིར། ཁྱབ་པར་ཐལ། བཟུང་དོན་གྱི་དངོས་པོའི་སྟོབས་ཀྱི་སྐྱེས་པའི་ཤེས་པ་གང་ཡིན་པ་དེ་སྐྱེ་བ་རང་གི་ཡུལ་གྱི་བརྡ་དྲན་པ་དག་ལ་བལྟོས་པ་མ་ཡིན་པའི་ཕྱིར། ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བདུན་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བདུན་པ་ནི། རང་འཛིན་ཤེས་པ་ལ་གསལ་བ་ལས་ཡན་གར་བར་མི་སྣང་བའི་རྟགས་ཀྱིས་གསལ་བ་ལས་དོན་གཞན་པའི་སྤྱི་ཡོད་པ་དགག་པའི་རིགས་པ་ཞིག་སྟེ། རིགས་པ་ནི། ཤེས་བྱ་ཆོས་ཅན། གསལ་བ་ལས་དོན་གཞན་པའི་སྤྱི་མེད་དེ། ཡོད་ན་རང་འཛིན་ཤེས་པ་ལ་ལྟོས་མེད་ཡན་གར་བར་སྣང་དགོས་པ་ལ། རྣམ་པ་འགའི་སྒོ་ནས་ཀྱང་རང་འཛིན་རྣམ་ཤེས་ལ་དེ་འདྲའི་ངོ་བོར་སྣང་བ་མེད་པའི་ཕྱིར་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སྤྱི་དོན་གཞན་མེད་དེ། ཡོད་ན་རང་འཛིན་ཤེས་པ་ལ་ལྟོས་མེད་ཡན་གར་བར་སྣང་དགོས་པ་ལ། རྣམ་པ་འགའི་སྒོ་ནས་ཀྱང། རང་འཛིན་རྣམ་ཤེས་ལ་དེ་འདྲའི་དངོས་བོར་སྣང་བ་མེད་པའི་ཕྱིར། ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བཞི་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བཞི་པ་ནི། ཁ་ཅིག་སྤྱི་མཚན་དངོས་པོ་ཡིན་པར་འདོད་པ་དེ་ཡུལ་གྱི་ངོས་ནས་སྤྱི་དེ་གསལ་བ་དང་རྫས་གཅིག་དང་ཐ་དད་བརྟགས་ནས་དགག་པའི་རིགས་པ་ཞིག་སྟེ། རིགས་པ་ནི། གསལ་བ་རྣམས་དང་མཚུངས་པ་ཉིད་ཀྱི་སྤྱི་འདི་ཆོས་ཅན། དངོས་པོ་མེད་པའི་མཚན་ཉིད་ཅན་ཡིན་ཏེ། གསལ་བ་རང་མཚན་དང་རྫས་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པའི་ཕྱིར་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། གསལ་བ་རྣམས་མཚུངས་པ་ཉིད་ཀྱི་སྤྱི་འདི་ཆོས་ཅན། དངོས་པོ་མེད་པའི་མཚན་ཉིད་ཅན་ཡིན་ཏེ། རང་མཚན་དང་རྫས་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པ་དེའི་ཕྱིར། ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བརྒྱད་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བརྒྱད་པ་ནི། སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་སྔ་མ་རྣམས་ཀྱི་དོན་བསྡུས་ཏེ་སྤྱི་མཚན་དངོས་པོ་ཡིན་པ་དགག་པའི་རིགས་པ་ཞིག་སྟེ། རིགས་པ་ནི། སྤྱི་མཚན་དེ་ཉིད་ཆོས་ཅན། རང་འཛིན་ཤེས་པ་བསྐྱེད་པ་ཙམ་གྱི་དོན་བྱེད་པ་རུང་བ་མ་ཡིན་པར་ཐལ། དོན་དེ་ལྟར་སྔར་གྱི་རིགས་པ་དེ་དག་གི་གྲུབ་པའི་ཕྱིར་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སྤྱི་མཚན་དེ་ནི་ཆོས་ཅན། རང་འཛིན་ཤེས་པ་བསྐྱེད་པ་ཙམ་གྱི་དོན་བྱེད་པར་རུང་བ་མ་ཡིན་པར་ཐལ། དེ་ལྟར་གོང་དུ་བསྒྲུབ་པ་དེའི་ཕྱིར། འདོད་ན། དངོས་པོའི་རང་བཞིན་དུ་མེད་པར་ཐལ། དེ་ལྟར་མི་རུང་བ་དེའི་ཕྱིར། ཁྱབ་པར་ཐལ། དོན་བྱེད་ནུས་སྟོང་དེ་ནི་དངོས་མེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཞེས་གསུངས།
སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་ལྔ་པ་མིང་ཚིགསྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་ལྔ་པ་ནི། སྤྱི་དེ་གསལ་བའི་འབྲས་བུ་ཡིན་མིན་བརྟགས་ནས་དེ་ཡིན་པ་དགག་པའི་རིགས་པ་ཞིག་སྟེ། རིགས་པ་ནི། སྤྱི་དེ་ཆོས་ཅན། གསལ་བའི་འབྲས་བུ་ཡིན་པར་ཐལ། གསལ་བ་དང་འབྲེལ་བ་གང་ཞིག། རྫས་ཐ་དད་ཡིན་པའི་ཕྱིར་རོ། །འདོད་ན་འཇིག་པའི་རང་བཞིན་ཅན་དུ་ཐལ་ལོ། །འདོད་མི་ནུས་ཏེ། ཁ་ཅིག་ཁྱོད་ཀྱི་དེ་རྟག་པ་ཉིད་དང་གཅིག་པུར་འདོད་པའི་ཕྱིར་ཞེས་པ་ལྟ་བུའི་རིགས་པ་སྟེ། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། གཉིས་པ་ནི། སྤྱི་དེ་གསལ་བའི་འབྲས་བུ་ཡིན་ནམ་མིན། འབྲས་བུའོ་ཞེ་ན། སྐད་ཅིག་སྔ་ཕྱི་དུ་མ་ཅན་དང་འཇིག་པའི་ངོ་བོར་ཐལ་ན། དེ་ཡང་འདོད་པ་མ་ཡིན་ཏེ། རྟག་པ་དང་གཅིག་པུར་འདོད་པའི་ཕྱིར། དེ་ཆོས་ཅན། རྟག་པ་ཉིད་མིན་པར་ཐལ། དངོས་པོ་ཡིན་པོ་ཡིན་པའི་ཕྱིར། ཁྱབ་པར་ཐལ། འཇིག་པ་དངོས་པོ་ཡོད་ཙམ་དང་རང་ཆས་སུ་རྗེས་སུ་འབྲེལ་བའི་ཕྱིར། རིགས་རྣམས་དངོས་པོ་ཡིན་ཡང་གསལ་བའི་འབྲས་བུ་མིན་པའི་ཕྱིར་དུ་མ་སོགས་སུ་མི་འགྱུར་རོ་ཞེ་ན། དེས་ན་གསལ་བ་དང་མ་འབྲེལ་བར་ཐལ། དེ་དང་རྫས་ཐ་དད་རྒྱུ་འབྲས་མིན་པའི་ཕྱིར། དངོས་མེད་དུ་འགྱུར་བར་ཐལ། གསལ་བའི་འབྲས་བུ་མིན་པ་གང་ཞིག རྒྱུ་གཞན་ལས་ཀྱང་མ་སྐྱེས་པའི་ཕྱིར། ཞེས་གསུངས།
སྤྱོད་རྒྱུད་རིགས་གསུམ་མིང་ཚིགསྤྱོད་པའི་རྒྱུད་ལ་དབྱེ་ན། རིགས་གསུམ་སྟེ། སྐུ་དང༌། གསུང་དང༌། ཐུགས་ཀྱི་རིགས་གསུམ་མོ། །
ཀླུ་རིགས་བཞི་མནན་པའི་ཆོ་ག་མིང་ཚིགནམ་གྲུའི་རིགས་ལས་བྱུང་བའི་སློབ་དཔོན་ཛཱ་བ་རི་པས་མཛད། བསྟན་འགྱུར་རྒྱུད་ཚི་པར་བཞུགས།
ཀླུ་རིགས་བཞིའི་སྒྲུབ་ཐབས་མིང་ཚིགསློབ་དཔོན་ཛཱ་བ་རི་པས་མཛད་པའི་ཀླུ་རིགས་བཞིའི་སྒྲུབ་ཐབས། བལ་པོའི་པཎྜི་ཏ་དེ་བ་པཱུརྞ་མ་ཏི་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར། བསྟན་འགྱུར་རྒྱུད་ཚི་པར་བཞུགས།
སྤྲུལ་སྐུ་རིགས་ལྔ་མིང་ཚིགརྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ། མི་བསྐྱོད་པའོ། །
སྤྲོད་ཁོངས་ཡིག་རིགས་མིང་ཚིགདཀར་ཆག་ནང་བཀོད་དེ་རྩིས་ལེན་རྩིས་སྤྲོད་བྱེད་དགོས་པའི་ཡིག་ཆའི་རིགས།
སྤྲོས་པ་ཐམས་ཅད་འགོག་པའི་རིགས་པ་མིང་ཚིགམདོ། དབུ་མ། ལུང་ལས། ཡོད་པ་མེད་པའི་ཟླས་དྲངས་ཏེ། །མེད་པའང་ཡོད་པའི་ཟླས་དྲངས་ཏེ། །ཞེས་དང་། སློབ་དཔོན་གྱིས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ ། ཞེས་དང། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་སོགས་ཀྱི་དབུ་མའི་གཞུང་ལུགས་རྣམས་ལས་ཡོད་མེད་གང་རུང་གཅིག་དགག་བྱར་བྱེད་པའི་ཚེ་ན། ཅིག་ཤོས་ཡང་དགག་བྱར་བྱེད་དགོས་པར་གསུངས་པས་མཐར་ཡོད་མེད་སོགས་སྤྲོས་པའི་མཐའ་གང་དུའང་གཟུང་དུ་མེད་པར་གྲུབ་བོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། །
སྨན་ཆུ་རིགས་ལྔ་མིང་ཚིགསྐྱུར་ཞིང་ལན་ཚས་བད་རླུང་སེལ། སྐྱུར་མངར་ལྡན་པས་བད་རླུང་སེལ། སྐྱུར་ཚས་བད་ཀན་རྐྱང་པ་སེལ། སྐྱུར་ཁས་བད་ཀན་ཁྲག་ནད་སེལ། སྐྱུར་བསྐས་བད་སྨུག་སེལ་བའོ། །
སྨན་ཆུ་རིགས་ལྔ་མིང་ཚིགརླུང་སེལ་བ་སྔོ་ལ་མངར་བ། མཁྲིས་པ་སེལ་བ་སེར་ལ་ཁ་བ། བད་ཀན་སེལ་བ་སྐྱ་ལ་སྐྱུར་བ། ཁྲག་སེལ་བ་དམར་སྐམ་པ། ཆུ་སེར་སེལ་བ་སྨུག་ལ་ཚ་བའོ། །
སྨན་རིགས་མིང་ཚིགསྨན་གྱི་བྱེ་བྲག་ཡོངས་རྫོགས།སྨན་ཁང་ནང་དུ་སྨན་རིགས་མང་པོ་ཡོད་ལྟ་བུ།
སྨུག་པོའི་ནད་ཀྱི་རིགས་ལ་དབྱེ་བ་བརྒྱད་མིང་ཚིགསྨུག་པོ་བྱེར་བ་ལ་ཕྱི་བྱེར་དང་ནང་བྱེར་གཉིས། སྨུག་པོ་རྒྱས་པ་ལ་རྡོལ་བ་དང་མ་རྡོལ་བ་གཉིས། སྨུག་པོ་འགྱིངས་པ་ལ་གབ་པ་དང་མ་གབ་པ་གཉིས། སྨུག་པོ་འདྲིལ་བ་ལ་གསར་པ་དང་རྙིང་པ་གཉིས་སོ། །བད་ཀན་སྨུག་པོའི་ནད་ཀྱི་རྒྱུ་ནི་བད་ཀན་དང་། ཁྲག་མཁྲིས་པ། རླུང་བཅས་བཞི་དང་། དེ་བཞིན་ཆུ་སེར་སོགས་ནད་ཀུན་འདུས་ཤིང་རྣམ་གྲངས་མང་བ་དང་། འཁྲུལ་སོ་ཆེ་བས་བརྟག་པར་དཀའ་བ་དང་། ནད་གཞི་ལྕི་ལ་ཡུན་དུ་མནར་བར་འགྱུར་བས་བཅོས་ཐབས་ཀྱང་ཤིན་ཏུ་དཀའ་བ་ཡིན་ནོ། །
སྲིན་རིགས་མིང་ཚིགལུས་ལ་ལྷན་སྐྱེས་སུ་མཆིས་པའི་སྲིན་བུའི་རིགས་བཅུ་གཅིག་སྟེ། ཕྱི་སྲིན་ལ་ཤིག་སྲོ་དང༌། ནང་གནས་ལ་ཕོ་བའི་བད་སྲིན། མཁྲིས་སྲིན་ལ་སོ་སྲིན་མིག་སྲིན། པགས་སྲིན། གཞང་སྲིན། རྒྱུ་སྲིན། མཚན་མའི་སྲིན། ཁྲག་སྲིན། ཀླད་སྲིན་ཡ་མ་དཀར་ནག་གཉིས། རླུང་སྲིན་ལོང་ལ་གནས་པ་བཅས་སོ། །
སྲིའུ་རིགས་དྲུག་མིང་ཚིགགཤིན་པོའི་རོའི་རིགས་ཀྱི་བྱེ་བྲག་གསང་བ་ཡང་ཁོལ་ནས་གསུངས་པའི་སྲིའུ་ཞེས་པ་བུས་པའི་རོ་རིགས་དྲུག་སྟེ། ཟླ་རྡིབ་ཅེས་པ་མའི་ཁོག་ནས་ཤི་བའི་རོ་ཤང་དཀར་དང་། ལྟེ་བ་བཅད་ནས་སྐད་ཐོན་ཙམ་ལ་ཤི་བའི་རོ་གྲགས་པ། སྐད་ཐོན་ནས་ཞག་ཤས་རིང་སོས་རྗེས་ཤི་བའི་རོ་གྲགས་རྒྱལ། ལག་པས་མའི་ནུ་མ་སྐྱོར་ནུས་ཙམ་ལ་ཤི་བའི་རོ་འབུན་ཟན། གོམ་པ་སྤོ་འགོ་ཚུགས་ནས་ཤི་བའི་རོ་བྱིན་ཤ། རྩེད་མོ་རྩེ་ནུས་དུས་ཤི་བའི་རོ་མོན་ལུག་བཅས་ཡིན།
སྲོལ་གོང་གི་རིགས་མིང་ཚིགརྫ་རི་མཐོ་སར་སྐྱེ་བའི་རྩྭ་ལྡུམ་ཞིག་སྟེ། གཞུང་རྟ་སྦོམ་པོ་ཆིག་རྐྱང་ཁོག་སྟོང་ཡིན། མེ་ཏོག་འདབ་མ་སེར་བོ་ཅན། འདི་ལ་སྲོལ་གོང་སེར་བོའམ་ཡུ་མོ་སྲོལ་གོང་ཡང་ཟེར་ལ། འདི་ལ་རིགས་མང་པོ་ཡོད།
སློང་བ་རིགས་པ་སློང་བའི་སྤང་ལྟུང་མིང་ཚིགམདོ། འདུལ་བ། ཁྱིམ་པ་ཆོས་དྲུག་ལྡན་ལ་དགེ་སློང་རང་ཉིད་ཆོས་གོས་མེད་པར་སློང་རིགས་ཀྱང་ཆོས་གོས་ཟུང་གཅིག་ལས་ལྷག་པ་བསླངས་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་ཞིག་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་ཁྱིམ་པ་ཉེ་དུ་མིན་པ་ལ་གོས་བསླངས་པས་རབ་བྱུང་གི་ཆོས་གོས་ཟུང་གཅིག་ལས་ལྷག་པ་ཐོབ་པ་ན་སྤང་ལྟུང་དུ་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་བསམ་གཏན་པ་བཞི་བཅུས་སྦྱིན་བདག་སྒོ་རེ་རེ་ནས་གོས་ཟུང་གཅིག་གི་ཚད་ལས་ལྷག་པར་བླངས་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་གྱི་ལོངས་སྤྱོད་ལ་གནོད་པའོ། །ཞེས་གསུངས།
སློང་བར་རིགས་པའི་སྤང་བ་མིང་ཚིགའདུལ་བ་གཞུང་དམ་པའི་སྡེ་ཚན་ཞིག བཀའ་འགྱུར་འདུལ་བ་ན་པར་བཞུགས།
སློང་བར་རིགས་པའི་སྤང་བ་བསྟན་པ་མིང་ཚིགའདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཆ་པར་བཞུགས།
སློང་བར་རིགས་པའི་སྤང་བའི་ལྟུང་བྱེད་མིང་ཚིགའདུལ་བ་གཞུང་བླ་མའི་སྡེ་ཚན་ཞིག བཀའ་འགྱུར་འདུལ་བ་ན་པར་བཞུགས།
སློང་བར་རིགས་པའི་སྤང་ལྟུང་མིང་ཚིགམདོ། འདུལ་བ། སློང་བར་རིགས་པ་ནི་རང་ཉིད་ལ་ཡོ་བྱད་ཐམས་ཅད་སློང་བར་རིགས་ལ། དེ་བཞིན་དུ་སྣམ་སྦྱར་ལྟ་བུ་གང་མེད་པ་དེ་དང་དེ་སློང་བར་རིགས་སོ། །ཚད་ནི་ནོར་བདག་གཅིག་ལ་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་སམ་རབ་ཏུ་བྱུང་བའི་སྟོད་གཡོགས་སྨད་གཡོགས་ཀྱང་རུང་སྟེ་ཟུང་གཅིག་སློང་བར་བྱའོ། །ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཆུང་ཚད་ཐོབ་ན་འབྲིང་ཚད་དུ་ཁ་བསྐང་བ་དང་། འབྲིང་ཚད་ཐོབ་ན་ཆེ་ཚད་དུ་ཁ་བསྐང་སློང་བར་མི་བྱ་ཞིང་། ལྷག་པོ་ཐོབ་ན་ཡང་སྦྱིན་མི་དགོས་སོ། །རབ་ཏུ་བྱུང་བའི་ཆུང་ཚད་ཐོབ་ན་འབྲིང་ཚད་དུ་ཁ་བསྐང་བ་དང་། འབྲིང་ཚད་ཐོབ་ན་ཆེ་ཚད་དུ་ཁ་བསྐང་བ་བླང་བར་བྱ་ཞིང་། ཆེ་ཚད་ལས་ལྷག་པ་ཐོབ་ན་ཡང་སྦྱིན་པར་བྱའོ། །དེ་ལྟར་ན་འདི་ལ་ལྟུང་བ་འབྱུང་བའི་སྒོ་གསུམ་ཡོད་དེ། བདག་པོ་གཅིག་ལ་ཟུང་གཅིག་ལས་ལྷག་པ་བླངས་ན་ཉེས་བྱས། ཐོབ་ན་དངོས་གཞི། ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཆུང་ཚད་འབྲིང་ཚད་ཐོབ་པ་ལས་ཁ་བསྐང་བ་བླངས་ན་ཉེས་བྱས། ཐོབ་ན་དངོས་གཞི། རབ་ཏུ་བྱུང་བའི་ཆེ་ཚད་ལས་ལྷག་པ་ཐོབ་པ་མི་སྦྱིན་པར་སེམས་ན་ཉེས་བྱས། ཐག་བཅད་ན་དངོས་གཞིའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། མདོ་ལས་སྟོད་གཡོགས་སྨད་གཡོགས་བཅས་ཞེས་པས་བསྟན། མཚན་གཞི་ནི། ཆོས་གོས་རྣམ་གསུམ་མེད་པའི་དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་སྟོད་གཡོགས་དང་སྨད་གཡོགས་ཟུང་གཅིག་ལས་ལྷག་པའི་གོས་བསླངས་ཏེ་ལག་ཏུ་ཐོབ་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། བྱིན་གྱིས་བརླབས་པར་བྱ་བ་ཐམས་ཅད་མེད་ན་སློང་བར་རིགས་པ་ཉིད་དོ། །ཞེས་པ་ནས་བཟུང་སླང་བར་བྱ་བ་ཉིད་དོ། །གང་ཡང་རུང་བའོ། །ཚད་དེ་ལས་ལྷག་པ་ནི་སླང་བར་བྱ་བ་ཉིད་མ་ཡིན་ནོ། །ཞེས་དང། ཆོས་གོས་ཕྲོགས་པ་ལ་སོགས་ཀྱི། །མང་པོ་རྙེད་པར་གྱུར་ན་ཡང། །དྲན་པས་སྟོད་གཡོགས་སྨད་གཡོགས་ལས། །ལྷག་པར་སླང་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར། འདི་ནི་ཉེར་དགས་གྲོང་ཁྱེར་ཕྲེང་བ་ཅན་གྱི་དགེ་སློང་བཞི་བཅུ་ཆོམ་རྐུན་པས་བཅོམ་པ་སྦྱིན་བདག་ལ་གོས་སློང་དུ་གནང་བའི་གྲོགས་ལྡན་ལ་ཕྱིན་པས། གོས་གྲངས་མང་དུ་རྙེད་པར་དགེ་སློང་སོ་སོ་ལ་སྟོད་གཡོགས་སྨད་གཡོགས་ཙམ་རེ་སྦྱིན་ནས་གཞན་དག་ཉེར་དགའ་རང་གིས་བྱས་པ་ལ་བརྟེན་ནས་བཅས་སོ། །ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས་སོ། །
སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་དྲུག་མིང་ཚིགརྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག། རྩོད་ཟློག། རིན་ཆེན་ཕྲེང་བ།
སློབ་དཔོན་ཕྱྭ་པའི་སློབ་མ་རིགས་པའི་སེང་ཆེན་བརྒྱད་མིང་ཚིགགཙང་ནག་པ་བརྩོན་འགྲུས་སེང་གེ། དན་འབག་པ་སྨྲ་བའི་སེང་གེ། བྲུ་ཤ་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ། རྩགས་དབང་ཕྱུག་སེང་གེ། མྱང་བྲན་ཆོས་ཀྱི་སེང་གེ། ལྡན་མ་དཀོན་མཆོག་སེང་གེ། གཉལ་བ་ཡོན་ཏན་སེང་གེ།
གཡུ་འབྲུག་བརྒྱད་པ་ངག་དབང་ལུང་རིགས་སྨྲ་བའི་ཉི་མ་མིང་ཚིགསྐུ་ཕྲེང་བརྒྱད་པ་ངག་དབང་ལུང་རིགས་སྨྲ་བའི་ཉི་མའམ་ཚོགས་གཉིས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་མེ་ལུག་ལོར་ཕྱི་ལོ་ ༡༩༦༧ ལ་མདོ་སྨད་ཁམས་ཀྱི་ཡུལ་གྲུ་བཀྲ་ཤིས་ལུང་པ་ཞེས་པའི་གྲོང་ཞིག་ཏུ་ཡབ་ཀརྨ་དང་། ཡུམ་ཆོས་མཚོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐྱབས་མཆོག་སི་ཏུ་རིན་པོ་ཆེའི་ཡེ་ཤེས་ཀྱི་གཟིགས་པ་དྲི་མ་མེད་པར་ཇི་ལྟར་ཤར་བ་བཞིན་རྡོ་རྗེའི་ལུང་གིས་སྐབས་ཕྱེ་སྟེ་ངོས་འཛིན་ཐག་གཅོད་གནང་བ་ལྟར། ཁྲུས་གསོལ་དང་ན་བཟའ་འབུལ་བཞེས་སྔོན་སོང་གིས་གདན་ས་གཡུ་འབྲུག་དགོན་བྱང་ཆུབ་ཆོས་གླིང་དུ་མི་འཇིགས་སེང་གེས་བཏེགས་པའི་གསེར་གྱི་ཁྲིར་མངོན་པར་འཁོད་ཅིང་། རིས་མེད་འགྲོ་བ་རྣམས་ལ་དམིགས་པ་མེད་པའི་ཐུགས་རྗེ་ཉེ་བར་དགོངས་ཏེ། བསམ་འཕེལ་དབང་གི་རྒྱལ་པོ་ལྟར་མཆོག་གི་སྤྲུལ་སྐུའི་ཟླ་གཞོན་གསར་དུ་འཆར་བ་གང་ཉིད་ཀྱིས། དུས་གསུམ་རྒྱལ་བའི་སྐུ་དང་ཡེ་ཤེས་ཀྱི་རོལ་པ་གཅིག་ཏུ་བསྡུས་ཤིང་རྒྱལ་བ་ཡོངས་ཀྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་མངའ་དབང་བསྒྱུར་བ་མ་ཟད། དེང་སྐབས་རང་དགོན་བཤད་སྒྲུབ་ལས་གསུམ་གྱི་བྱ་བའི་མཛད་པ་སྐྱོང་བཞིན་པས། སྲིད་གསུམ་ཁོར་ཡུག་དང་བཅས་པའི་ས་ཡི་ཁྱོན་ཀུན་ཏུ་བཀྲ་ཤིས་རབ་ཏུ་དགེ་བའི་སྣང་བ་དཀར་པོས་ཁྱབ་པར་བྱེད་བཞིན་པ་ལགས།
ཨ་ཀྲོང་རིགས་གསུམ་མིང་ཚིགརྩྭ་ཨ་ཀྲོང། འཁན་པ་ཨ་ཀྲོང། ཤིང་ཨ་ཀྲོང་སྟེ་གསུམ་མོ། །
ཨ་མྲའི་འབྲས་བུ་རིགས་བཞི་མིང་ཚིགཕྱི་སྨིན་ལ་ནང་མ་སྨིན་པ། ནང་སྨིན་ལ་ཕྱི་མ་སྨིན་པ། ཕྱི་ནང་གཉིས་ཀ་སྨིན་པ། ཕྱི་ནང་གཉིས་ཀ་མ་སྨིན་པའོ། །
ཨ་རིགས་ཚང་མིང་ཚིགནགས་ཤོད་འབྲི་རུ་ཡུལ་སོགས་ན་ཡོད་པའི་རུས་མིང་ཞིག
ཨ་རུ་རིགས་ལྔ་མིང་ཚིགཨ་རུ་རྣམ་རྒྱལ་དང༌། ཨ་རུ་འཇིགས་མེད། ཨ་རུ་ཤ་ཆེན་ནམ་ཨ་རུ་བདུད་རྩི། ཨུ་རུ་འཕེལ་བྱེད། ཨ་རུ་སྐེམ་པོ་སུལ་མང་བཅས་ལྔ།
ཨོ་ཌི་ཡཱ་ན་ནས་བྱུང་བའི་རིགས་བྱེད་མའི་སྒྲུབ་ཐབས་མིང་ཚིགཨོ་ཌི་ཡཱ་ན་ནས་བྱུང་བའི་རིགས་བྱེད་མའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་མུ་པར་བཞུགས།
གྲངས་གནས་རིགས་གསུམ་མིང་ཚིགགྲངས་གནས་འདྲེན་སྟངས་མི་འདྲ་བ་རིགས་གསུམ་སྟེ། རྐྱང་བའི་གྲངས་དང་། ཁུག་པའི་གྲངས་དང་། ཐ་མའི་གྲངས་མེད་ཀྱི་གྲངས་དང་གསུམ་མོ། །རྩིས་གཞུང་ཉིན་བྱེད་སྣང་བ་ལས། དགུ་པོ་རྐྱང་པའི་གྲངས་སུ་བརྗོད། །ཅེས་དང་། ལྔ་བཅུ་ཁུག་པའི་གྲངས་ཡིན་ཏེ། །གྲངས་མེད་པ་ནི་ཐ་མའོ། །ཞེས་བྱུང་།
གྲངས་ཉུང་མི་རིགས་མིང་ཚིགམི་རིགས་མང་པོ་ཡོད་པའི་རྒྱལ་ཁབ་ནང་གི་མི་གྲངས་མང་ཤོས་ཀྱི་མི་རིགས་ཕུད་པའི་མི་རིགས་གཞན་རྣམས་ལ་ཟེར།
གྲྭ་རིགས་མིང་ཚིགརབ་ཏུ་བྱུང་བའི་རིགས་སམ་གྲྭ་པའི་གྲས།
གྲུབ་རིགས་མིང་ཚིགགསང་སྔགས་ཟབ་མོའི་ཆོས་ཉམས་ལེན་བྱེད་ནུས་པའི་རྟགས་དང་མཚན་མ།
གླང་པོ་ཆེའི་རིགས་བཅུ་མིང་ཚིགའདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། གླང་པོ་ཆེ་ནག་པོ། གླང་པོ་ཆེ་དམར་སེར། གླང་པོ་ཆེ་དམར་སྐྱ། ཟངས་ཀྱི་གླང་པོ་ཆེ། གླང་པོ་ཆེ་སེར་སྐྱའི་རིགས། སྤོས་ཀྱི་གླང་པོའི་རིགས། གླང་པོ་ཆེ་བཀྲ་ཤིས་ཀྱི་རིགས། གླང་པོ་ཆེ་གསེར་གྱི་རིགས། གླང་པོ་ཆེ་གསོ་སྦྱོང་འཕགས་ཀྱི་རིགས། གླང་པོ་ཆེ་མཆེ་བ་དྲུག་ལྡན་གྱི་རིགས་སོ། །
གསང་ཆེན་རིགས་གཅིག་ཏུ་སྒྲུབ་པ་མིང་ཚིགསྔགས། མ་ཧཱ་ཡོ་ག རྙིང་མ། གསང་ཆེན་རིགས་གཅིག་ཏུ་སྒྲུབ་པ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་དུ་ཕྱེ་བའི་གཉིས་པ་ལའང་། ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་སུ་བཤད་པའི་དང་པོ། ཞི་བའི་སྒྲུབ་ལུགས་ལྔའི་ཡ་གྱལ་ཞིག་སྟེ། བཀའ་བརྒྱད་རྣམ་བཤད་ལས། ནང་སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག་ལ། ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་ལས། དང་པོ་ལ་སྒྲུབ་ལུགས་ལྔ་སྟེ། དམ་པ་རིགས་བརྒྱར་སྒྲུབ་པ། ཞི་བ་བཞི་བཅུ་རྩ་གཉིས་སུ་སྒྲུབ་པ། དེ་ཁོ་ན་ཉིད་རིགས་ལྔར་སྒྲུབ་པ། གསང་ཆེན་རིགས་གཅིག་ཏུ་སྒྲུབ་པ། ཞི་བ་ཕྱག་རྒྱ་རྐྱང་པའི་སྒྲུབ་པ་དང་ལྔའོ། །ཞེས་དང་། ཞི་བ་ཕྱག་རྒྱ་རྐྱང་པ་དང་། གསང་ཆེན་རིགས་གཅིག་ལའང་སྒྲུབ་ཐབས་ལྔ་སྟེ། གནད་ལྔ་བཅུ་རྩ་ལྔ་ལ་བརྟེན་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་གཏན་ལ་ཕབ་སྟེ་སྒྲུབ་པ་དང་། ཆོས་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་འདུས་པ་ལ་བརྟེན་ནས་ཡི་དམ་རྒྱུན་དུ་ནར་མར་སྒྲུབ་པ་དང་། ཕྲིན་ལས་ཁ་ཚར་ལ་བརྟེན་ནས་ཆོས་སྤྱོད་ལམ་རིམ་དུ་སྒྲུབ་པ་དང་། ཤེས་པ་དགུ་ལ་བརྟེན་ནས་གསང་སྔགས་གཞུང་ཚུལ་དུ་སྒྲུབ་པ་དང་། བསྐྱེད་རྫོགས་གཞུང་འབྲེལ་དུ་བརྟེན་ནས་རྒྱུན་གྱི་ཡི་དམ་ནར་མར་སྒྲུབ་པ། ཞེས་གསུངས།
གསང་འདུས་ལྟར་གྱི་དམ་པ་རིགས་བརྒྱ་མིང་ཚིགརྒྱལ་བའི་ཕུང་པོ་ལྔ། བདེ་གཤེགས་ཁམས་བཞི། ཡུམ་སྐྱེ་མཆེད་དྲུག།སེམས་དཔའ་ཡལ་ལྔ། རྡོ་རྗེ་མ་སྟེ་ཉི་ཤུ་པོ་རིགས་ལྔར་ཕྱེ་བས་བརྒྱའོ། །
གསང་སྔགས་མཐའ་དག་གི་རིགས་ཆེན་མིང་ཚིགསྔགས། རྣལ་འབྱོར་བླ་མེད་རྒྱུད། གཞན་སྟོང་དབུ་མ་བདེ་གཤེགས་སྙིང་བོའི་མཚན་གྱི་རྣམ་གྲངས་ཤིག་སྟེ། དོན་དམ་གྱི་མཚན་བརྗོད་ཀྱི་སྔགས་ཀྱི་རིགས་དྲུག་ལ་གཟིགས་པའི་སྐབས་སུ་གསུངས་པའི་མཚན་གྱི་རྣམ་གྲངས་བརྒྱད་གསུངས་པའི་ཡ་གྱལ་ཞིག་ཡིན་ལ། དེ་ཡང་སྟོང་གཞི་དོན་དམ་གཞན་སྟོང་ཉིད་དེའི་མཚན་གཞི་ཡིན་པར་ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོར་གསང་སྔགས་མཐའ་དག་གི་རིགས་ཆེན་མཁའ་ཁྱབ་དང༌། ཞེས་གསུངས།
ངན་སོང་སྦྱོང་བ་འགྲོ་བ་རིགས་དྲུག་གི་ཆོ་ག་མིང་ཚིགསློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་ངན་སོང་སྦྱོང་བ་འགྲོ་བ་རིགས་དྲུག་གི་ཆོ་ག རྒྱ་གར་གྱི་མཁན་པོ་སུ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཆོས་ཚན་ ༡༤༤༨ པ་ནས་ ༡༤༨༥ པའི་བར་གྱི་ཆོས་ཚན་སོ་བརྒྱད་པོ་གཞུང་དངོས་ལ་མཛད་འགྱུར་ཡོད་མེད་ཅི་རིགས་འཁོད་ཀྱང་། བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་པར་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་དེ་དག་གི་མཛད་པ་པོ་“སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་། སྒྱུར་པ་པོ་པཎྜི་ཏ་སུ་བཛྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་གུ་རུ་བ་ཆོས་ཀྱི་ཤེས་རབ་”འཁོད། ཡང་དཀར་ཆག་དེ་དག་ཏུ་འདིའི་ལ་ལ་རྒྱ་གཞུང་ཡིན་མིན་ཐེ་ཚོམ་ཟ་བར་འདུག་ནའང་། བླ་མ་གོང་མ་རྣམས་རྒྱ་གཞུང་དུ་བཞེད་ཅིང་། སྔར་གྱི་རྣམས་ལའང་བྲིས་འདུག་པས་བཞུགས་སུ་བཅུག་པ་ཡིན། ཞེས་འཁོད། བསྟན་འགྱུར་རྒྱུད་ངུ་པར་བཞུགས།
ངེས་པའི་རིགས་མིང་ཚིགམདོ། ཕར་ཕྱིན། རང་གི་བྱང་ཆུབ་མངོན་དུ་མ་བྱས་བར་རྐྱེན་ལ་ལྟོས་ནས་ཐེག་པ་གཞན་གྱི་ཡོན་ཏན་དུ་བསྒྱུར་དུ་མི་རུང་བའི་རིགས་སུ་གནས་པའི་རིགས། དེ་ལ་དབྱེ་ན། ཉན་ཐོས་ཀྱི་རིགས། རང་རྒྱལ་གྱི་རིགས། ཐེག་ཆེན་གྱི་རིགས་དང་གསུམ་ཡོད། སོ་སོའི་ངོ་བོ་ནི། ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་མ་བྱས་བར་རྐྱེན་ལ་བལྟོས་ནས་ཐེག་ཆེན་གྱི་ཡོན་ཏན་དང་རང་རྒྱལ་གྱི་ཡོན་ཏན་གང་རུང་དུ་བསྒྱུར་དུ་མི་རུང་བའི་རིགས་སུ་གནས་པའི་ཉན་ཐོས་ཀྱི་རིགས་དེ། ཉན་ཐོས་ཀྱི་ངེས་པའི་རིགས་ཀྱི་མཚན་ཉིད་ཡིན། རང་རྒྱལ་གྱི་བྱང་ཆུབ་མངོན་དུ་མ་བྱས་པར་རྐྱེན་ལ་ལྟོས་ནས་ཐེག་ཆེན་གྱི་ཡོན་ཏན་དང་ཉན་ཐོས་ཀྱི་ཡོན་ཏན་གང་རུང་དུ་བསྒྱུར་དུ་མི་རུང་བའི་རིགས་སུ་གནས་པའི་རང་རྒྱལ་གྱི་རིགས་དེ། རང་རྒྱལ་གྱི་ངེས་པའི་རིགས་ཀྱི་མཚན་ཉིད། རྐྱེན་ལ་ལྟོས་ནས་ཐེག་དམན་གྱི་ཡོན་ཏན་དུ་བསྒྱུར་དུ་མི་རུང་བའི་རིགས་སུ་གནས་པ། ཐེག་ཆེན་གྱི་ངེས་པའི་རིགས་ཀྱི་མཚན་ཉིད་ཡིན་ཏེ། མདོ་སྡེ་རྒྱན་ལས། མ་ངེས་པའི་རིགས་ལ་རྐྱེན་གྱིས་འཕྲོག་པའི་རིགས་དང༌། ངེས་པའི་རིགས་ལ་རྐྱེན་གྱིས་མི་འཕྲོག་པའི་རིགས་ཞེས་ཐ་སྙད་མཛད་དོ། །
ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པ་མིང་ཚིགངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པའི་མཚན་ཉིད། མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་གང་ཞིག འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་བདུན་བླངས་ནས་མྱང་འདས་མངོན་དུ་བྱེད་པར་ངེས་པའོ། །དེ་ཡང་ལྷའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ན་ལྷར་ལན་དྲུག། མིར་ལན་བདུན། མཐར་ལྷའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །མིའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ན་མིར་ལན་དྲུག། ལྷར་ལན་བདུན། མཐར་མིའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །
ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པ་མིང་ཚིགམདོ་སྡེ་པའི་ལུགས་ལ་ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པའི་མཚན་ཉིད། མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་གང་ཞིག། འདོད་པར་སྐྱེ་སྲིད་བདུན་བླངས་ནས་སྐྱེ་སྲིད་བདུན་པའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པའོ། །འདིའི་ལུགས་ལ་སྐྱེ་བ་ལེན་ཚུལ་ནི། ལྷའི་རྟེན་ཅན་དེས་དང་པོར་ལྷར་གསུམ། དེ་ནས་མིར་གསུམ། མཐར་ལྷའི་རྟེན་ལ་མྱ་ངན་ལས་འདའ། མིའི་རྟེན་ཡང་དེས་འགྲེའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། །
ངེས་མ་ངེས་ཀྱི་རིགས་རྣམ་པ་ལྔ་མིང་ཚིགའཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ཉན་ཐོས་ཀྱི་རིགས། རང་སངས་རྒྱས་ཀྱི་རིགས། ཐེག་པ་ཆེན་པོའི་རིགས། རིགས་མ་ངེས་པ། རིགས་མེད་པའོ། །