rdzogs chen mkhan po rdo rje bkra shis

From Rangjung Yeshe Wiki - Dharma Dictionary
Revision as of 20:56, 4 December 2018 by Bj Lhundrup (talk | contribs) (Created page with "<noinclude><span class=TibUni16>རྫོགས་ཆེན་མཁན་པོ་རྡོ་རྗེ་བཀྲ་ཤིས་</span></noinclude><br> <noinclude>Dzo...")
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

རྫོགས་ཆེན་མཁན་པོ་རྡོ་རྗེ་བཀྲ་ཤིས་
Dzogchen Khenpo Dorje Tashi


dorje tashi rinpoche.jpg


Short biography[edit]

Minyak Khenpo Dorje Tashi reincarnation of Khenchen Pema Tsewang Gyamtso of Dzogchen Shri Singha.

Tibetan Bio[edit]

མཁས་དབང་རྡོ་རྗེ་བཀྲ་ཤིས་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་ཤིང་མོ་ཡོས་ཀྱི་ལོར་གནས་ཆེན་རྡོ་ར་དཀར་མོ་རུ། ཡབ་འུ་ཡུག་པ་ཀུན་དགའ་དང་ཡུམ་རྒྱར་གཤིས་དཔོན་རྒྱུད་སྲམ་མོ་ཨ་ཆུང་གཉིས་ཀྱི་སྲས་སུ་ལེགས་པའི་མཚན་དང་བཅས་སྐུ་བལྟམས།
སྐུ་ན་ཆུང་དུས་ནས་རྣམ་དཀར་གྱི་ཆོས་ལ་མོས་ཤིང༌། ཡ་རབས་ཀྱི་སྤྱོད་པ་ངང་གིས་ལྡན་ལ། ཡི་གེ་འབྲི་ཀློག་དང༌། འདོན་དབྱངས་བཅའ་འབུད། གར་ཐིག་རྡུལ་ཚོན་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་མཁས་ཤིང༌། དགུང་གྲངས་བཅུ་གསུམ་ཐོག་སྦས་པའི་རྣལ་འབྱོར་པ་བསོད་ནམས་བཟང་པོས་ཞལ་ནས། གནས་མི་ཉག་རྡོ་ར་དཀར་མོ་འདི་རུ་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་ལུང་བསྟན་ལ། སྔ་འགྱུར་རྫོགས་ཆེན་གྱི་བསྟན་པ་དར་བ་གསུངས་ཡོད་ཅིང༌། ཁྱེད་ལ་སྨོན་ལམ་ལས་འཕྲོ་བཟང་པོ་ཡོད་པས། རང་ཚུགས་ཐུབ་པའི་སྙིང་སྟོབས་ཆེན་པོའི་གོ་བགོས་ན་དམ་ཅན་སྲུང་མས་མཐུན་གྱུར་བྱེད་ངེས་ཞེས་ཞལ་བཞེས་དབུག་དབྱུང་གིས་གཟེངས་སུ་བསྟོད་དེ། ཡང་ཟབ་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་སོགས་ལྗགས་ཁྲིད་གནང༌། ཐོས་བསམ་གྱི་དབུ་བཙུགས་ནས་འབུམ་ལྔ་བསགས། ཡི་དམ་དུ་མའི་བསྙེན་མཚམས་བཏང༌།
དེ་ནས་མི་ཉག་སེང་དགོན་གྱི་སྒྲུབ་མཆོད་སྐབས་ཁོང་གི་ཐུན་མིན་གྱི་བླ་མ་རྫོགས་ཆེན་མཁན་པོ་ཐུབ་བསྟན་ཆོས་ཀྱི་གྲགས་པ་དང་མཇལ་ཏེ་ལུང་རྟོགས་བསྟན་པའི་རྩ་བ་ཐོས་བསམ་གྱི་ལས་ལ་བརྩོན་པ་ལ། ཐོག་མར་ཞེན་པ་བཞི་བྲལ་དང༌། དོན་བདུན་མ། སྤྱོད་འཇུག་སོགས་བློ་སྦྱོང་གི་སྐོར་དང༌། རིམ་བཞིན་སོར་བྱང་སྔགས་ཀྱི་སྡོམ་པ་ལས་བརྩམས་ཏེ། དབུ་ཕར་མངོན་བརྗོད་སོགས་རྒྱ་ཆེ་བ་རྣམས་ལ་བོད་ཀྱི་གྲུབ་མཐའ་སོ་སོའི་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་དག་གིས་ཟུར་རྒྱན་བཅས་སློབ་ཚན་གཞི་ལས་མ་འདས་པར་བགྲང་བྱ་བཅུ་ཕྲག་གཅིག་ལྷག་ལ་གསན་སྦྱངས་མཛད་པས། མཁས་པའི་གོ་འཕང་མངོན་དུ་ཐོབ། སླར་ཡང་ཐུན་མིན་སྔགས་ཀྱི་སྐོར་ལ་སྙིང་ཐིག་སྔོན་འགྲོའི་ཁྲིད་ཆ་ལག་དང་བཅས་པ། རྩ་བ་གསུམ། མཛོད་ཆེན་བདུན་སོགས་དངོས་གཞིའི་རིམ་པ་དག་བུམ་པ་གང་བྱོའི་ཚུལ་དུ་གནང་བར་གསན་སྦྱོང་སྦྲགས་མར་མཛད་པས་མཁན་ཆེན་མཆོག་གི་ཐུགས་ཀྱི་སློབ་མར་གྱུར། །
དགུང་ལོ་ཉེར་གཉིས་ཐོག་ཉག་སྟོད་དུ་ཕེབས་ཏེ། རྒྱལ་སྲས་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་རོལ་མཚོ་ཕུ་རྡོར་ལོ་རིན་པོ་ཆེའི་མདུན་ནས། ཀློང་གསལ་སྔོན་འགྲོའི་སྐོར་དང༌། ཉམས་ལེན་དང་དངོས་གཞིའི་ཁྲིད། བོགས་འདོན་རླུང་གི་འཕྲུལ་འཁོར། ཡན་ལག་གཏུམ་མོའི་སྐོར་རྣམས་དགུན་གསུམ་གྲང་བའི་སྒང་དུ་གཅིག་པུ་སྒྲུབ་ལ་བརྩོན་པས། སློབ་དཔོན་མཆོག་གི་ཞལ་ནས་ཁྲིད་སྦྱོང་གནད་དུ་སོན་པའི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མ་ཟད། གསང་སྔགས་སྔ་འགྱུར་བའི་བཀའ་གཏེར་ཡོངས་སུ་རྫོགས་པའི་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་དཔེ་ཚོགས་བཅས་ནོད་ལ། དེ་རིགས་ཆོས་རྒྱུད་གཞན་ལ་སྤེལ་དགོས་ཀྱི་བཀའ་དང་བཅས། མདུན་དུ་འཁོད་པའི་བླ་སྤྲུལ་གྲགས་ཅན་དག་དང༌། དགེ་འདུན་པ་ཉིས་སྟོང་ལྷག་ལས་འདམ་སྟེ་སློབ་མའི་ཐུ་བོར་བཀུར། ཕྱིས་སུ་བླ་མའི་བཀའ་ལྟར་དཀྱིལ་འཁོར་རྒྱ་མཚོའི་བསྙེན་མཚམས་བཏང་སྟེ་ལས་ཅན་སློབ་མ་བཅུ་ཕྲག་ལྷག་ལ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཞལ་ཕྱིས་ཏེ། སྨིན་བྱེད་དབང་གི་དངོས་གཞིའི་སྐབས། རྣམ་རྒྱལ་བུམ་པའི་ཁར་འཇའ་འོད་ཟུག་ཅིང༌། སྟེང་གི་ནམ་མཁའ་ནས་མཆོད་རྫས་ཀྱི་རིགས་རྣམ་པ་མང་པོ་རང་བབས་ཀྱིས་མདུན་བསྐྱེད་མཆོད་པའི་སྟེགས་སུ་བབས་པར་དེར་འཁོད་སྐྱ་སེར་ཡོངས་ཀྱི་མངོན་སུམ་མིག་གི་བདུད་རྩིར་གྱུར།
གཞན་ཡང་དགེ་བའི་བཤེས་གཉེན་དག་ལས་གསན་སྦྱོང་མཛད་སྦྱོང་མཛད་ཚུལ་རིམ་པ་སྟེ། སྡེ་དགེ་ལྷུན་གྲུབ་སྟེང་གི་མཁན་ཆེན་ཁྲི་པ་དགེ་བློའི་མདུན་ནས་ཐུན་མོང་སོར་བྱང་གི་སྐོར་དང༌། དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེའི་མདུན་ནས། སྔགས་ཀྱི་སྐོར་གང་མང༌། གཞན་དགེ་ལྡན་ཁྲི་ཆེའི་མདུན་ནས་བྱམས་ཆོས་སྡེ་སྐོར་དང༌། སྐུ་མཆེད་རཏྣ་མངྒའི་དྲུང་ནས་རྣམ་བཤད་སྙིང་པའི་རྒྱན། དྲང་ངེས་ལེགས་བཤད་སྙིང་པོ་སོགས་དབུ་མའི་སྐོར་དང༌། འབྲས་སྤུངས་དགེ་བཤེས་རིན་ཆེན་དཔལ་བའི་མདུན་ནས། ཇོ་བོ་རྗེ་ཆོས་སྐོར་དང༌། རྗེ་བླ་མའི་ལམ་རིམ། སྐྱབས་རྗེ་ཕ་ཝང་ཁ་བའི་མན་ངག་གི་སྐོར་བཅས་གསན། གུང་ཐང་རིན་པོ་ཆེའི་མདུན་ནས་ཐུན་མིན་སྔགས་ཀྱི་སྐལ་བ་བཟང་པོ་བྱས་པ་སོགས་ས་དགེ་བཀའ་རྙིང་གི་མཁས་གྲུབ་དུ་མ་གཙུག་ཏུ་བཀུར་ཏེ་གསན་བཞེས་རྒྱ་ཆེར་མཛད་པས། མཁས་བཙུན་བཟང་པོའི་ཁྲི་ལ་མངའ་དབང་འབྱོར་ཞིང༌། དམ་པའི་ཚུལ་དགུའི་མཛད་འཕྲིན་གྱིས་རིས་མེད་སློབ་མ་ཁྲི་འབུམ་དག་ལ་དམ་ཆོས་བདུད་རྩིའི་གྲུ་ཆར་འབེབས་པའིགཞུང་ལུགས་རབ་འབྱམས་སྨྲ་བའི་དབང་པོ་མངོན་དུ་གྱུར། དེ་ཡང་སེ་ར་ཡང་སྤྲུལ་རིན་པོ་ཆེ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དུ་མས་ལུང་གིས་ཟིན་ཅིང༌། དགེ་ལྡན་སེ་ར་དགོན་པའི་དགེ་བའི་བཤེས་གཉེན་འགྱུར་མེད་རྡོ་རྗེའི་ཡང་སྤྲུལ་དུ་ངོས་བཟུང་སྟེ་བླུས་པ་ཡིན་རུང་རྩ་བའི་བླ་མས་བཀའ་མ་འཁྲོལ་བར་གདན་སར་ཆིབས་བསྒྱུར་མ་ཐུབ་ཅིང༌། ཕྱིས་སུ་གྲུབ་དབང་རྫོགས་ཆེན་པས་ལྷ་བླའི་རྟགས་བབས་ལྟར། རྫོགས་ཆེན་བཱི་མ་བདུན་བརྒྱུད་དུ་གྲགས་པའི་ནང་ཚན་ཡོངས་འཛིན་མཁན་ཆེན་པདྨ་ཚེ་དབང་མཆོག་གི་རྣམ་སྤྲུལ་དུ་ཐུགས་ཐག་བཅད། རབ་རྒྱན་སྤྲེལ་ལོ་སྤྲེལ་ཟླའི་དུས་སྟོན་དང་འབྲེལ་མདོ་ཁམས་རྒྱལ་བ་རྫོགས་ཆེན་པའི་གདན་ས་རུ། མཆོག་སྤྲུལ་པདྨ་སྐལ་བཟང་གིས་གཞིས་བྱེས་ཡོངས་ཀྱི་སྐུ་ཚབ་བྱས་ཤིང༌། དགོན་མ་ལག་གི་འདུ་བ་ལྷན་འཛོམས་ཀྱིས་མཆོག་གི་རྒྱལ་ཚབ་རྣམ་གསུམ་གྱི་གསེར་ཁྲི་དབུས་མར་མངའ་གསོལ། ཤྲཱི་སེང་ཆོས་གྲྭ་ཆེན་མོའི་བསྟན་བདག་ཏུ་བསྐོས།
ཡིན་ནའང་ཁོང་ལ་རང་མཐོ་ཡི་ང་རྒྱལ་མེད་ཅིང༌། གྲུབ་མཐའ་ཀུན་ལ་རིས་སུ་མ་ཆད་པའི་དད་མོས་ཆེ་སྟབས། མཁས་དགུ་དགྱེས་པའི་རྣམ་དཔྱོད་ཀྱིས་ས་དགེ་བཀའ་རྙིང་གི་སློབ་ཚོགས་དག་ལྗགས་ཁྲིད་གནང་བའི་རིམ་པ་ལ། སྣང་གསུམ་ལམ་རིམ། སྔོན་འགྲོ སྤྱོད་འཇུག མཆིམས་ཆེ་ཆུང༌། འཇུག་པ་རྒྱ་གཞུང༌། ཐུབ་པ་དགོངས་གསལ། དགོངས་པ་རབ་གསལ། ངེས་དོན་རྣམ་ངེས། དབུ་མ་རྒྱན། རྣམ་བཤད་སྙིང་པོའི་རྒྱན། སྦས་དོན་ཟམ་མོ་གཏེར་གྱི་ཁ་འབྱེད་སོགས་མཚན་ཉིད་ཐེག་པའི་སྐོར་དང། སོ་སོའི་མོས་པ་དང་འཚམས་པའི་ཐུན་མིན་སྔགས་ཀྱི་སྨིན་གྲོལ་ཟབ་མོའི་བདུད་རྩི་ལ་རོལ་བ་བོད་ཆོལ་ཁ་གསུམ་གྱི་སློབ་ཚོགས་གྲངས་ལས་འདས་པ་བསྐྱངས་དང་སྐྱོང་མུས་ཀྱི་མཛད་འཕྲིན་ཟླ་མེད་རྒྱས་ཤིང༌། གཞན་ཡང་རྒྱ་ནག་གི་ཡུལ་གྲུ་རྣམས་ལ་སློབ་ཚོགས་ཁྲི་འབུམ་དག་གི་མོས་འདུན་ལྟར་ཟབ་གསང་སྨིན་གྲོལ་གྱི་དབང་དང༌། ཐུན་མོང་ཕྱི་ནང་གི་སྔོན་འགྲོའི་རིམ་པ་དག་ལྗགས་ཁྲིད་གནང་བར་མ་ཚད། ཨ་རི་དང༌། ཧྥ་ནས་སི། དབྱིན་ཇི། ཁེ་ན་ཏ། འཇན་མན། ཨེ་ཏྲ་ལིས། ཤུང་ཡ་ལིས། ཤིན་ཅ་ཕོ། ཉུས་ཤེས་ཡ། ཐེ་གོ ཐའེ་ཝན། བསུས་སུ། པོ་ལེན་སོགས་ཀྱི་མཁས་པ་མང་པོས་ཆེད་དུ་མདུན་བཅར་ཞུས་ཤིང་ནང་ཆོས་སྒོར་ཞུགས་ཏེ་གསང་བ་མཆོག་གི་རྣལ་འབྱོར་བ་ལ་བརྩོན་པའི་སློབ་ཚོགས་རབ་ཏུ་མང་པོ་མཆིས་སོ། །
དེ་ལྟར་མཁས་པ་ཡོན་ཏན་ཅན། དཔོན་པོ་གོ་གནས་ཅན། ཕྱུག་པོ་ནོར་རྫས་ཅན་རྣམས་ཀྱིས་ཇི་ལྟར་གོང་དུ་བཀུར་ཡང༌། ཆེ་འདོད་གྲགས་རློམ་གྱི་ང་རྒྱལ་མེད་ཅིང༌། འདོད་དགུའི་དངོས་པོ་ཕུགས་སུ་མི་འཆང་བར། ཡོད་ཚད་སྤངས་དག་མཛད་ནས་རྫོགས་ཆེན་ཤྲཱི་སེང་ལྔ་རིག་ཆོས་གྲྭ་ཆེན་མོའི་བཞེངས་བསྐྲུན་དང༌། ཆུ་བེད་ཀྱི་གློག་སྒྲོན་གསར་འཛུགས། དངོས་ཞུགས་མཁན་སློབ་ཡོངས་ལ་ཕོགས་འབུལ། ལྷ་སྒང་བཤད་གྲྭའི་རྟེན་དང་བརྟེན་པའི་བཞེངས་བསྐྲུན་ལ་མཐུན་རྐྱེན་ཞལ་འདེབས་གནང་ཞིང༌། ཁྱད་པར་དུ་ཁོང་གིས་དབུལ་ཕོངས་ཉམ་ཆུང་གི་རིགས་ལ་ལྷག་པར་བརྩེ་བས་མི་ཉག་དཔལ་ལྷ་སྒང་གི་ས་ཆར་མགོན་མེད་དབུལ་སྐྱོབས་ཀྱི་རྒན་གསོ་ཁང་དང་ཁམས་བོད་ཕན་བདེ་སློབ་གྲྭ་གསར་འཛུགས་གནང༌། གཞན་ཡང་སྡེ་དགེའི་པར་ཁང་ཆོས་མཛོད་བཀྲ་ཤིས་སྒོ་མང་གི་དཀར་ཆག་ཆེན་མོ་གསར་སྒྲིག་དང་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེ་བསྡུར་ཁང་དང༌། ཞིང་ཆེན་ནང་བསྟན་སློབ་གླིང་སོགས་ཀྱིས་གདན་ཞུས་ལྟར་ཆོས་དང་རིག་གནས་ལ་སྨན་པའི་ཕྱག་ལས་རྒྱ་ཆེར་བརྩམས། དཔལ་ལྷ་སྒང་གནས་མཆོག་རྡོ་ར་དཀར་མོ་རུ་མི་ཉག་རྫོགས་ཆེན་སློབ་གྲྭ་གསར་འཛུགས་མཛད་དེ་སློབ་མ་ཉིས་སྟོང་ལ་ཉེ་བ་ཞིག་གསོ་སྐྱོང་མཛད་བཞིན་སྐུ་འཚོ་ཞིང་བཞུགས་ཡོད་པ་ལགས་སོ། །ཁམས་པའི་གསར་འགྱུར་དྲྭ་བ་ལས། ཤར་མི་ཉག་པ། འཇམ་དཔལ་བསྟན་འཛིན་ནས་བཤུས།

Literary Works[edit]


Main Teachers[edit]

Main Students[edit]


Main Lineages[edit]

Alternate Names & Spellings[edit]

Internal Links[edit]

External Links[edit]

  • dzogchengonpa.org[1]