1950
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་ཉེ་འཁོར་བཅུའི་གྲས་ཀྱི་གཅིག་ཡིན། འདི་ཉིད་མང་ཐོས་མཆོག་ཏུ་གྱུར་པ་དང༌། བསྟན་པའི་གཏད་རབས་བདུན་གྱི་ནང་གི་གཉིས་པ་དང། བཀའ་བསྡུ་བ་དང་པོའི་སྐབས་སུ་མདོ་སྡེ་སྡུད་པ་པོ། གསོ་རིག་གི་རྒྱུད་བཞི་གསུངས་སྐབས་ཀྱི་ནང་འཁོར་བཅས་ཡིན། སངས་རྒྱས་ཀྱི་ཡབ་ཟས་གཙང་མ་ལ་གཅུང་པོ་གསུམ་སྟེ་ཟས་དཀར་དང་། བྲེ་བོ་ཟས། བདུད་རྩི་ཟས་བཅས་ཡོད་པའི་ནང་ཚན་བདུད་རྩི་ཟས་ཀྱི་སྲས་ཡིན་ཞིང། སངས་རྒྱས་དགུང་ལོ་ཞེ་གཅིག་ཏུ་ཕེབས་དུས་ཡབ་ཟས་གཙང་གིས་ཕོ་བྲང་དུ་གདན་དྲངས་པ་ལྟར་ཕེབས་སྐབས་ཀུན་དགའ་བོ་ལོ་དྲུག་ལ་སོན་ཡོད། སངས་རྒྱས་བཅོམ་ལྡན་འདས་འཁྲུངས་ཡུལ་ནས་མཉན་ཡོད་དུ་ཕྱིར་ཕེབས་མཛད་སྐབས་རྗེས་སུ་འབྲངས་ནས་ཕེབས་པ་ལྟར་མཉམ་དུ་ཁྲིད་དེ་འོད་སྲུང་ཆེན་པོ་ལ་གཏད་ནས་རབ་ཏུ་བྱུང༌། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཤེར་ཕྱིན་མན་ངག་ལས། ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ཉེ་གནས་ལོ་ཉི་ཤུ་རྩ་ལྔའི་རིང་མཛད་པར་གསུངས་པ་ལྟར་ན། སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་ལྔ་བཅུ་ང་ལྔ་དང་ཀུན་དགའ་བོ་དགུང་ལོ་ཉི་ཤུར་ཕེབས་སྐབས་ཉེ་གནས་སུ་བསྐོས། སྐབས་དེར་ཀུན་དགའ་བོ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཙམ་ལས་དགྲ་བཅོམ་པའི་འབྲས་བུ་ཐོབ་མེད་པར་བརྟེན་དགེ་འདུན་གྱི་ཁོངས་ནས་གནས་དབྱུང་བཏང་སྟེ་དམའ་ཕབ་ན་དགྲ་བཅོམ་པའི་འབྲས་བུ་མྱུར་དུ་ཐོབ་ཐུབ་པར་མངོན་ཤེས་ཀྱིས་གཟིགས་ནས་ཉེས་པ་ཆེན་པོ་བརྒྱད་བགྲངས་ཏེ་དགེ་འདུན་གྱི་གྲལ་ནས་ཕུད། འོན་ཀྱང་སངས་རྒྱས་རྒྱུན་བཞུགས་གནང་སའི་གཟིམ་ཁང་ཕྱི་ནང་ཉེ་སྐོར་བཅས་ལ་གད་ཕྱིས་དང༌། ཆུ་དང་ཚེམས་ཤིང་འབུལ་བ། གཟིམ་མལ་བཤམས་པ་སོགས་སངས་རྒྱས་ཞལ་བཞུགས་དུས་དང་ཁྱད་མེད་གནང་ཐོག་ཞག་བདུན་གྱི་བར་དུ་ཏིང་ངེ་འཛིན་སྒོམ་པ་ལ་འབད་བརྩོན་གནང་བས་དགྲ་བཅོམ་པའི་གོ་འཕང་ཐོབ། དགྲ་བཅོམ་པ་ཐོབ་ཟིན་པས་ཀུན་དགའ་བོ་མདོ་སྡེ་སྡུད་པ་པོར་བསྐོས་པ་བཞིན་མདོ་སྡེའི་བཀའ་བསྡུ་མཛད། འོད་སྲུང་ཆེན་པོས་ཀུན་དགའ་བོ་བསྟན་པའི་བདག་པོར་བསྐོ་བཞག་མཛད། ལོ་བཞི་བཅུའི་བར་དུ་བསྟན་པའི་བདག་པོ་མཛད་ནས་གདུལ་བྱ་བསྐྱངས། དགུང་ལོ་བརྒྱད་ཅུ་གྱ་ལྔར་ཕེབས་སྐབས་སློབ་མའི་ཐ་མ་ཉི་མ་གུང་པ་སོགས་དྲང་སྲོང་ལྔ་བརྒྱ་པོར་བསྙེན་རྫོགས་ཀྱི་སྡོམ་པ་གནང་། ཆུ་བོ་གངྒཱའི་དབུས་སུ་ཡོད་པའི་གླིང་གི་ནང་ཞུགས་ནས་དེར་མྱ་ངན་ལས་འདས། འདིའི་ལོ་རྒྱུས་ཞིབ་པར་རྒྱ་གར་ཆོས་འབྱུང་ན་གསལ། |