700

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀརྨ་པ་མཐོང་བ་དོན་ལྡན་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་མེ་སྤྲེལ་ཕྱི་ལོ་ ༡༤༡༦ ལོར་ཁམས་ཀརྨའི་ཉེ་ལོགས་ངོམ་སྟོད་དུ་ཡབ་གོ་འཇོ་བསམ་གྲུབ་རྡོ་རྗེ་དང་། ཡུམ་སྟོད་བཟའ་པདྨ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གོང་མའི་དངོས་སློབ་རྣམས་ཀྱིས་ཀརྨ་པའི་སྐུ་ཕྲེང་དུ་ངོས་བཟུང༌། དགུང་ལོ་གསུམ་པར་འཇམ་དབྱངས་གྲགས་པ་དང་། སོག་དཔོན་དཀའ་བཞི་པ་རྣམས་ལས་དབང་ལུང་བཤད་གསུམ་མང་དུ་གསན། འོལ་ཁ་བཀྲ་ཤིས་ཐང་དུ་མཁན་ཆེན་བསོད་ནམས་བཟང་པོ་སོགས་ལས་རབ་ཏུ་བྱུང་། མཚན་ལ་ཆོས་གྲགས་དཔལ་བཟང་པོ་ཞེས་གསོལ། ཙཱ་རི་སོགས་སུ་ཕེབས་སྐབས་ཡི་དམ་དང་། སངས་རྒྱས་བྱང་སེམས་རྣམས་ཀྱིས་ཞལ་གཟིགས། རོང་སྟོན་རིན་པོ་ཆེ་ལས་གཞུང་ལུགས་དུ་མ་གསན་པས་རོང་སྟོན་རིན་པོ་ཆེས་ང་ལ་སངས་རྒྱས་སློབ་མ་ཡོད་ཅེས་བསྒྲགས། སྟག་ལུང་དུ་འདུས་སྡེར་ཆོས་གསུངས་སྐབས་མེ་ཏོག་གི་ཆར་མངོན་སུམ་བབས། ལྷོ་རོང་དུ་བསྟན་འགྱུར་གླེགས་ཤིང་ཅན་བཞེངས། རོང་པོ་དང་མི་ཉག་གི་འཁྲུགས་པ་དང་། སྒོ་སྡོང་གི་འཁྲུག་ཆེན་སོགས་སྟོད་སྨད་ཀྱི་འཁྲུགས་པ་མང་པོ་ཞི་བར་མཛད། གསང་ཕུར་ཕེབས་ནས་སྐུ་རྟེན་ཐམས་ཅད་སྒམ་དུ་བཞག་ནས་ཕྱག་ཐམ་གྱིས་མནན། དབུ་ཞྭ་དང་ཞལ་གདམས་ཀྱི་ཕྱག་དཔེ་སོགས་གོ་ཤྲཱི་རིན་པོ་ཆེ་ལ་གཏད་དེ་ལུང་བསྟན་བཀའ་རྒྱ་ཅན་མཛད། སོ་བརྒྱད་པ་རབ་བྱུང་བརྒྱད་པའི་ཆུ་བྱ་ཕྱི་ལོ་ ༡༤༥༣ ལོར་ཀོང་པོ་རྩེ་ལྷ་སྒང་དུ་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་པར་ངོ་མཚར་བའི་རྟེན་མང་དུ་བྱོན། རྟེན་དེ་རྣམས་མཚུར་ཕུར་གདན་དྲངས། གདུང་རྟེན་དང་འདྲ་སྐུ་བཞེངས་པའི་ནང་བཞུགས་སུ་གསོལ། ཀརྨ་པའི་སྐུ་ཕྲེང་དྲུག་པ་ཡིན། སློབ་མ་གྲགས་ཆེ་བ་ནི་གོ་ཤྲཱི་དཔལ་འབྱོར་དོན་གྲུབ་དང་། ཀུན་མཁྱེན་འཇམ་དཔལ་བཟང་པོ། སྟག་ལུང་ཞབས་དྲུང་སོགས་ཡོད། མཚན་གཞན། ཆོས་གྲགས་དཔལ་བཟང་པོ།