470

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:39, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀྭན་ཏིང་ཏཱའི་སི་ཏུ་སྐུ་ཕྲེང་དང་པོ་ (1)
Part of speech མིང་ཚིག
Definition ཀྭན་ཏིང་ཏཱའི་སི་ཏུ་ཆོས་ཀྱི་རྒྱལ་མཚན་ནི། ཕྱི་ལོ་ ༡༣༧༧ ཀརྨའི་དགོན་གྱི་ཉེ་འདབས་སུ་གྲུབ་ཆེན་ཀརྨ་པཀྴིའི་གདུང་རིགས་ཐུགས་རྗེ་རྒྱ་ཧོབ་ཀྱི་སྲས་སུ་འཁྲུངས། ཀརྨ་པ་དེ་བཞིན་གཤེགས་པས་གདན་ས་ཀརྨའི་ཁྲི་ལ་མངའ་གསོལ་ཞིང་ཏཱའི་སི་ཏུ་ཆོས་ཀྱི་རྒྱལ་མཚན་ཞེས་ལུང་དང་ཤིས་བརྗོད་ཀྱིས་གཟེངས་བསྟོད། གདན་ས་ཆེན་པོ་ཀརྨའི་ཕྱི་ནང་རྟེན་བརྟེན་པར་བཅས་པ་བསྐྱར་བཞེངས་རྒྱ་བསྐྱེད་ཀྱིས་མཚོན་ངུར་སྨྲིག་གི་སྡེ་ཆེན་པོ་བཙུགས། འཆད་ཉན་སྒོམ་སྒྲུབ་གཡེལ་མེད་དུ་མཛད་དེ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་གུང་དུ་བསྒྲེངས། ཁྱད་པར་ཀརྨ་པ་དེ་བཞིན་གཤེགས་པ་ལས་དོན་བརྒྱུད་ཀྱི་ཡེ་ཤེས་ངོ་འཕྲོད་པས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར། གོང་མ་ཏཱའི་མིང་རྒྱལ་པོས་ཚུལ་ཁྲིམས་རིན་པོ་ཆེ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོས་བརྒྱན་པའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་བསྔགས་པའི་ལུང་གསེར་ཐམ་དང་འཇའ་ས་ཕུལ་བའི་མཚན་ཀྭན་ཏིང་དབེན་ཐོང་མེའུ་ཙི་གོའི་ཤྲི་སྟེ་སྤྱི་བོ་ནས་དབང་བསྐུར་བའི་ཐམས་ཅད་མཁྱེན་པ་བརྩེ་ལྡན་འཇིག་རྟེན་གྱི་བླ་མ་ཞེས་གྲགས། དེ་ནས་བཟུང་མཚན་དང་གོ་གནས་ཉམས་མེད་དུ་གནས་ཤིང་། ཀྭན་ཏིང་ཏཱའི་སི་ཏུ་ཞེས་མཚན་ཐོག་པ་ནས་སྐུ་ཕྲེང་བཅུ་གཉིས་སུ་བརྩི་བའི་དང་པོ་ཡིན། ཀརྨ་པ་དེ་བཞིན་གཤེགས་པ་མ་ཧཱ་ཙི་ནའི་རྒྱལ་ཁབ་ཏུ་ཆིབས་ཀྱི་ཁ་ལོ་བསྐྱོད་སྐབས་སྐུ་རིམ་དུ་གདན་ས་བར་པར་རྒྱུད་སྡེའི་དཀྱིལ་ཆོག་མང་དུ་བཙུགས་པ་དང་། ཐུགས་དམ་གསེར་དངུལ་གྱི་བཀའ་བསྟན་འགྱུར་ཡང་བཞེངས་། རྗེ་ཉིད་རྒྱ་ནག་ནས་ཡར་ཕེབས་སྐབས་གདན་ས་ཀརྨར་སྤྱན་དྲངས་ནས་དཔོན་སློབ་ཁྲི་ཕྲག་མང་པོར་ཤངས་ལེན་ཞབས་ཏོག་རྒྱ་ཆེར་མཛད་པས་མཚོན་ཀརྨ་པ་དེ་བཞིན་གཤེགས་པའི་ཐུགས་ཀྱི་དགོངས་པ་ཡོངས་སུ་བསྐངས་ཤིང་མཉེས་པར་མཛད། ཀརྨ་པ་མཐོང་བ་དོན་ལྡན་སྐུ་ན་ཕྲ་མོ་ནས་སྤྱན་དྲངས་ཤིང་ཞབས་ཏོག་མཛད་པ་སོགས་རྒྱལ་མཆོག་ཀརྨ་པའི་སྐུ་ཕྲེང་གོང་འོག་དང་དེའི་བསྟན་པར་བཅས་ལ་སྲི་ཞུ་བླ་ལྷག་ཏུ་མཛད་པའི་ངང་ཚུལ་ཅན་ནོ། །ཕྱི་ལོ་ ༡༤༤༨ དགུང་ལོ་དོན་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །