2164

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:01, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་རྫོབ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། མཚན་ཉིད་ནི། མ་དཔྱད་པའི་བློ་ངོར་གྲུབ་པ་ཀུན་རྫོབ། དབྱེ་བར། ཡང་དག་དང་། ལོག་པའི་ཀུན་རྫོབ་གཉིས་སོ། །དབུ་མ་རང་རྒྱུད་པ་དག་སོ་སོའི་སྐྱེ་བོའི་བློ་མ་དཔྱད་པའི་ངོར་ལ་སྣང་བ་རྣམ་གྲངས་མ་ཡིན་པའི་ཀུན་རྫོབ། དག་པ་འཇིག་རྟེན་པའི་ཡེ་ཤེས་རྣམ་གྲངས་ཀྱི་ཀུན་རྫོབ་ཅེས་གསུངས། ཐལ་འགྱུར་པ་དག སོ་སོའི་སྐྱེ་བོའི་བློ་ཀུན་རྫོབ། འཕགས་པ་གསུམ་གྱི་རྗེས་ཐོབ་ཀུན་རྫོོབ། གང་ཟག་གང་ལ་ལྟོས་ཀྱང་བླ་སྟེ་སྣང་བའི་ཆ་ཀུན་རྫོབ་བོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པའི་དགོངས་གསལ་ལས་གསུངས་སོ། །མཚན་ཉིད་ནི། མཐོང་བ་བརྫུན་པས་དངོས་པོའི་ངོ་བོ་རྙེད་པའི་རྙེད་ཡུལ་ལོ། །དབྱེ་གཞི་ནི། མཐོང་བ་བརྫུན་པས་རྙེད་པའི་དངོས་པོའི་ངོ་བོ་ཀུན་རྫོབ་བདེན་པར་གཞག་པའི་ཀུན་རྫོབ་བདེན་པ་ནི་འདི་གཉིས་དབྱེ་གཞི་ཡིན་ནོ། །དབྱེ་བ་ལ། བློ་དེ་ཉིད་ཀྱི་ངོར་བདེན་མི་བདེན་གྱི་སྒོ་ནས་དབྱེ་བ་ནི། གཟུགས་སོགས་སྣང་བའི་དངོས་པོ་གཅིག་ཉིད་བདེན་འཛིན་གྱི་མ་རིག་པའི་ངོར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་དཔྱད་བཟོད་པའམ་མི་སླུ་བ་ལྟར་གྱི་བདེན་པར་སྣང་བའི་ཆ་ནས་ཀུན་རྫོབ་བདེན་པ་ཞེས་དང་། འཕགས་པའི་རྗེས་ཐོབ་ཡེ་ཤེས་ཀྱི་ངོར་རྫུན་པ་སྒྱུ་མ་ལྟ་བུ་སྣང་བའི་ཆ་ནས་ཀུན་རྫོབ་ཙམ་གཉིས་སུ་དབྱེ་སྟེ། འཇུག་པ་ལས། བཅོས་མར་འགྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་པའི་འགྲེལ་པར། དེ་ལྟར་ན་རེ་ཞིག་བཅོམ་ལྡན་འདས་དེས་ཀུན་རྫོབ་ཀྱི་བདེན་པ་དང་། ཀུན་རྫོབ་ཙམ་གསུངས་པ་ཡིན་ནོ། །རྗེས་ཀྱི་ཐ་སྙད་པའི་བློ་ངོར་བདེན་མི་བདེན་གྱི་སྒོ་ནས་དབྱེ་བ་ནི། ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས་སོ། །དེ་ལྟར་ཕྱེ་བའི་དགོས་པ་ནི། འཇིག་རྟེན་ཉིད་ལ་ལྟོས་ནས་བདེན་མི་བདེན་ལ་ཀུན་རྫོབ་གཉིས་སུ་བྱ་བ་ལ་དགོས་པ་ཁྱད་པར་ཅན་ཡང་གཉིས་ཏེ། འཇིག་རྟེན་གྱི་མཐོང་བས་འཕགས་པའི་གཟིགས་པ་ལ་མི་གནོད་པའི་དཔེ་གྲུབ་པ་དང་། འཇིག་རྟེན་ལྷན་སྐྱེས་ཀྱི་བློ་ངོར་བདེན་པའི་སྐྱེ་བ་སོགས་སྣང་ཡང་བདེན་པར་མེད་པའི་དཔེ་གྲུབ་པའི་ཆེད་དུ་ཡིན་ཏེ། འདུས་བྱས་སྣང་ཡང་མི་བདེན་པའི་དཔེར་སྒྱུ་མའི་དཔེ་བརྒྱད་ལ་སོགས་པ་བཀོད་པ་རྣམས་དང་ཕུང་པོ་ལྔ་བདེན་པར་མེད་པའི་དཔེར་དབུ་བ་རྡོས་པ་སོགས་བཀོད་པ་རྣམས་འཇིག་རྟེན་ཉིད་ལ་ལྟོས་ནས་ཀྱང་མི་བདེན་པར་གྲུབ་ཟིན་པ་དེ་ཉིད་དཔེར་བཀོད་པ་འབའ་ཞིག་ཏུ་སྣང་བའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མ་སྤྱི་དོན་ལས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:ཀུན་རྫོབ་

|; |@@@ | | }}

ཀུན་རྫོབ་ (2)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཀུན་རྫོབ་ནི། ཡིད་ཀྱི་མུན་སེལ་ལས། གཉིས་པ་ཀུན་རྫོབ་ལ་གསུམ་སྟེ། ངོ་བོ། དབྱེ་བ། རང་བཞིན་ནོ། །དང་པོ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་མ་འགགས་སྣ་ཚོགས་སུ་གསལ་བ་འདི་ཉིད་ཡིན་ནོ། །དབྱེ་ན་གཉིས་ཏེ། ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་བོ། །དང་པོ་ནི། འཁྲུལ་པ་དག་པའི་ཚེ་ཐམས་ཅད་དཀྱིལ་འཁོར་གྱི་རོལ་པར་སྣང་བ་ཡིན་ཏེ། (གསང་སྙིང་)འདི་ཉིད་ལས། ཡེ་ཤེས་ཉིད་ལ་ཡེ་ཤེས་རོལ། །ཡེ་ཤེས་རོལ་པ་ཉིད་ཀྱང་གསོག ། ཅེས་དང་། ལམ་རིམ་ལས། ཡང་དག་ཉིད་དུ་གྲགས་སོ་ཅོག ། གཉིས་སྣང་ཉིད་ནས་གང་ཡིན་པ། །སེམས་ཉིད་ཡེ་ཤེས་སྒྱུ་མར་ཤར། །སྣང་བ་ངོ་བོ་ངེས་མེད་ཅིང་། །ཇི་ལྟར་བལྟས་པའི་སྣང་བ་དང་། །རང་བཞིན་ཐེར་ཟུག་རྟག་ཆད་བྲལ། །ཅེས་སོ། །གཉིས་པ་ནི། འཁོར་བའི་འཁྲུལ་སྣང་ཇི་སྙེད་པ་ཐམས་ཅད་དེ། (གསང་སྙིང་)འདི་ཉིད་ལས། དེ་ལ་ལོག་རྟོག་སྒྱུ་མ་ནི། །ཆོས་དང་བདག་དང་དངོས་པོ་རྣམས། །ངོ་བོ་ཡོད་སོགས་རྟོག་པ་ལས། །རྟོགས་པ་སྒྱུ་མའི་ཀློང་གྱུར་པས། །སྐྱེས་ཀྱང་མི་བདེན་བསླུ་བ་གྲུབ། །ཅེས་སོ། །གསུམ་པ་རང་བཞིན་ལ་གཉིས་ཏེ། ཡེ་ཤེས་སྒྱུ་མའི་རང་བཞིན་དང་། ལོག་རྟོག་སྒྱུ་མའི་རང་བཞིན་ནོ། །དང་པོ་ནི། འོག་མིན་གྱི་ཞིང་ཁམས་ན་ལོངས་སྐུའི་སྣང་བ་དང་། དེ་ལས་འཕྲོས་པའི་སྤྲུལ་པ་སྟེ། འཇའ་ཚོན་ནམ་ཆུ་ཟླ་ལྟར་སྣང་ལ་རང་བཞིན་མེད་པ་དུས་ཐམས་ཅད་པའི་ངོ་བོར་གནས་ཤིང་། རྒྱུ་རྐྱེན་རང་རྒྱུད་པས་མ་བསྐྱེད་པར་འདོད་དེ། གཞི་ནས་དེ་ལྟར་གནས་པ་གསལ་བའི་ཕྱིར་རོ། །གཉིས་པ་ནི། འགྲོ་བའི་སེམས་སྣང་རྨི་ལམ་ལྟ་བུ་སྟེ། དེའང་སེམས་ཀྱི་བག་ཆགས་ལས་ཕྱི་རོལ་དོན་གཞན་གྱིས་བསྐྱེད་པའི་རྒྱུ་འབྲས་སུ་མི་འདོད་དེ། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཅེས་སོ། །འདི་ནམ་བཟློག་ན། ལངྐར་གཤེགས་པ་ལས། སྲིད་གསུམ་འདི་ནི་རྨི་ལམ་དང་། །སྨིག་སྒྱུ་ཆུ་ཡི་ཕུང་པོ་བཞིན། །ནོར་བར་མཐོང་ནས་ཕྱིར་བཟློག་གོ ། ཞེས་སོ། །ཞེས་དང་། དེ་ལ་རྒྱུ་ཡི་ཐེག་པས་ཀུན་རྫོབ་འདུས་བྱས་མི་རྟག་ཅིང་བསླུ་བར་འདོད་དེ། དེ་ལྟར་ན་ལོངས་སྐུའང་བསླུ་བར་ཐལ་ཏེ། གཟུགས་སྐུ་གཉིས་ཀུན་རྫོབ་པས་བསྡུས་པའི་ཕྱིར་དང་། མི་རྟག་པར་ཐལ་བ་ལས། འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག ། ཅེས་ཁོ་རང་གི་གྲུབ་མཐའ་ནང་འགལ་བ་ཡིན་ནོ། །ཞེས་དང་། འདིར་ནི་ལོག་རྟོག་སྒྱུ་མའི་ཀུན་རྫོབ་མ་རིག་པས་བསྐྱེད་པའི་རྒྱུ་འབྲས་ཡིན་པས་མི་རྟག་པ་དང་བསླུ་བར་འདོད་ལ། ཡང་དག་སྒྱུ་མ་ནི་དང་པོ་ཉིད་ནས་དེ་ལྟར་གཞི་ལ་ལྷུན་གྱིས་གྲུབ་པ་ལམ་གྱིས་ཕྱིན་ཅི་ལོག་དག་པ་ན་སྔར་ཐོག་ཏུ་ཕེབས་པས་དུས་གསུམ་འཕོ་འགྱུར་མེད་དེ། རྒྱུ་རྐྱེན་གྱིས་གསར་དུ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །ཚུལ་འདི་རྣམས་བྱམས་པས་ཀྱང་བཤད་དེ། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་དང་། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །དེས་ན་འདིར་ཆོས་ཐམས་ཅད་བདེན་པ་དབྱེར་མེད་དུ་ཡེ་ནས་སངས་རྒྱས་པའི་དོན་ནི་གནས་ལུགས་དོན་གྱི་གཞིའོ། །ཞེས་གསུངས།

{{#arraymap:ཀུན་རྫོབ་

|; |@@@ | | }}