2259

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:03, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཀུན་སྤངས་ནམ་མཁའ་དཔལ་དབྱངས་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་དགུ་པ། ཆུ་བྱ་ཕྱི་ལོ་ ༡༣༣༣ ལོར་དབུ་རུ་ཕན་པོ་དར་ཡུལ་དུ་ཡབ་གྭ་ཟི་ཡེ་ཤེས་རིན་ཆེན་དང་ཡུམ་ཕྱུག་མོ་དཔལ་ལི་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྟག་ལུང་ཆོས་རྗེ་དབུས་སུ་འཁྲུངས་པའི་དང་པོ་དང་། དར་ཡུལ་སྟེང་ཁང་སོགས་སུ་སྟག་ལུང་སྡེ་པ་ཞེས་པའི་གྭ་ཟིའི་གདུང་རབས་ཀྱི་རྟེན་གཞི་ཆགས་པའི་ཐོག་མའང་གྲགས། མཆོག་སྤྲུལ་རཏྣ་ཀ་ར་དང་ལོ་ཆེན་བྱང་ཆུབ་རྩེ་མོ་གཉིས་ཀྱི་དྲུང་ནས་མདོ་སྔགས་རྒྱུད་སྡེའི་གདམ་པ་མཐའ་དག་ལེགས་པར་གསན། དགུང་ལོ་ཉེར་བདུན་སྟེང་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་མཁན་པོ་ཇོ་བསྟན་བཀྲ་ཤིས་ཚུལ་ཁྲིམས་དང་ལས་སློབ་ཚུལ་བླ་མ། གསང་སྟོན་སློབ་དཔོན་སྟོན་རྒྱས་བ། ཁ་སྐོང་དགེ་འདུན་གྲངས་ཚང་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས། ཕྱི་ལོ་་༡༣༦༡ ལོར་གདན་སའི་ཁྲི་ལ་བཞུགས་ཤིང་། གཞུང་ལུགས་ཆེན་པོ་དུ་མའི་བསྡུས་དོན་དང་། མན་ངག་ཟབ་དགུའི་གནད་ཡིག སྐར་རྩིས་སྙན་ངག་གསོ་དཔྱད་སོགས་ཀྱི་ཉེར་མཁོ་བཅས་རྩོམ་པ་རྒྱ་ཆེར་མཛད་ཅིང་། ཚོགས་པ་ལོ་བཅོ་ལྔ་བསྐྱངས་རྗེས། དགུང་ལོ་ཞེ་གསུམ་སྟེང་དབོན་བཀྲ་ཤིས་དཔལ་བརྩེགས་གདན་ས་བ་བསྐོས་ཏེ། རྗེ་ཉིད་དབེན་གནས་སེ་གླིང་བྲག་སྐྱ་རྡོ་རྗེའི་རྫོང་དུ་སྒྲུབ་པ་མཛད་པས་ཀུན་སྤངས་པ་གྲགས། མཐར་ས་ལུག་ཕྱི་ལོ་ ༡༣༧༩ ལོར་སྐུ་གཤེགས།