3693
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡོངས་གྲགས་ཁམས་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་གྱིས་གདན་ས་ཞིག་སྟེ། ཁམས་སྤྲུལ་སྐུ་ཐོག་དང་པོའི་སྐུ་ཚེའི་སྨད་ཙམ་དུ། བོད་མདོ་ཁམས་བྲག་གཡབ་ཀྱི་ས་ཆར། ཉི་འོད་ཆོས་འཕེལ་རྫོང་ངམ། ཕུག་ཆུང་རྫོང། མི་ཤིག་རྡོ་རྗེའི་ཡང་རྫོང་འདི་ནི། ཕལ་པར་འགྲོ་འདུག་མི་ཐུབ་པའི་གན་གཟར་གྱི་ངོས་སུ། དགོན་པའི་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པ་གསར་བཞེངས་གནང། སྒྲུབ་པ་ཁོ་ན་རྩོལ་འདོན་མཛད། འཁོར་འབྱེད་ཐེངས་གསུམ་གནང་། ཁམས་ཀྱི་འབྲུག་པ་བཀའ་བརྒྱུད་ཕལ་ཆེར་འདིའི་སློབ་བརྒྱུད་ཀྱིས་ཁྱབ་པ་བྱུང། སྐུ་ཕྲེང་གསུམ་པས་མདོ་ཁམས་ལྷ་སྒང་རིང་མོའི་བྱེ་བྲག ལྷ་ཐོག་རྒྱལ་པོའི་ས་ཁོང་། དཀར་མོའི་རི་ཁུག་ཏུ་སྐུ་ཚེའི་སྨད་ས་སྤྲེལ་ ༡༧༢༨ འབྲུག་ཐེག་ཆེན་གླིང་ཕྱག་བཏབ། ཁམས་སྤྲུལ་བཞི་པས། རབ་བྱུང་བཅུ་གཉིས་པའི་ཤིང་གླང་ ༡༧༤༦ ལོར། སྒ་ཉག་འབྲུག་མོའི་སྦྲ་མལ་ཐང་དུ་བསྐྱར་སྤོ་གནང་ནས། དཔལ་ཕུན་ཚོགས་ཆོས་འཁོར་གླིང་རྟེན་བརྟེན་པ་དང་བཅས་པ་གསར་དུ་ཕྱག་བཏབ། ཆུ་ལུག་ལོར་སྒྲུབ་སྡེ་གསང་ཆེན་མཐོང་གྲོལ་གླིང་ངམ། མཁའ་སྤྱོད་བདེ་ཆེན་གླིང་ཕྱག་བཏབ་ནས། སྒྲུབ་བླ་བཅུ་གསུམ་རྟག་བཞུགས་མཛད། ཤིང་བྱ་ ༡༧༦༥ ལོར་གྱིང་ཕུ་དཔལ་གྱི་ཡང་དབེན་དུ། མཚན་ཉིད་རྣམ་རྒྱལ་ཆོས་འཁོར་གླིང་ཕྱག་བཏབ། མཚན་ཉིད་བ་བརྒྱ་དང་བརྒྱད་ཀྱི་ཤག་མིག་དང་མཐུན་རྐྱེན་ཆ་ཚང་བ་བསྐྲུན་པར་མཛད། སྐུ་ཕྲེང་བརྒྱད་པས་དགོན་གནས་དེ་ཉིད་དུ་བཤད་གྲྭ་གསར་རྒྱག་དང་། ཚོགས་ཞིང་ལྷ་ཁང་ཐུབ་པའི་མཛད་ཐང་སོགས། འགྲན་ཟླ་དང་བྲལ་བ་གསར་བཞེངས་གནང་། སྤྱིར་ཆོས་སྡེ་འདི་ལ་དགོན་ལག་རི་ཁྲོད། མདོ་ཁམས་བརྒྱད་པས་ ༡༩༥༤ ལོར་མ་དགོན་ཁམས་པ་སྒར་དང་། དེའི་དགོན་ལག་རི་ཁྲོད་དང་བཅས་པའི་མཚན་ཐོའི་ནང་དུ། ད་ཡོད་བུ་དགོན་ ༦༦ ཙམ་ཡོད་འདུག། སྔར་དགོན་འདིར། སྐུ་རྟེན་གཏེར་མ་དང་ལི་མ། གསེར་སྐུ། གསེར་དངུལ་དར་གོས། སྦུབ་སིལ་རོལ་ཆ་སོགས་ཀྱི་མཆོད་རྫས་ནི། མདོ་ཁམས་སྨད་ཕྱོགས་ཀྱི་དགོན་སྡེ་སུ་ལ་ཡང་ཡོད་དཀའི་རྟེན་རྙིང་ཤིན་ཏུ་མང། རྒྱ་དམར་གྱི་དུས་འགྱུར་སྐབས་བོད་སྤྱི་མཚུངས་བཞིན། རྟེན་དང་བརྟེན་པར་བཅས་པ་གཞི་མལ་ཙམ་ཡང་མེད་པར་དགོན་ས་ཞིང་ས་ལ་བསྒྱུར་ནས། དགོན་སྡེ་ཆེན་པོ་དེ་ཉིད་རྩ་འཐོར་དུ་བཏང། སླར་ཡང་ཆོས་དད་ཆོག་པའི་དུས་ནས་བཟུང་། སྤྲུལ་དབོན་སྙན་གྲགས་རྒྱ་མཚོས་ཐུགས་ཁུར་དང་། འཕགས་ཡུལ་དུ་བཞུགས་པའི་སྐྱབས་རྗེ་ཡབ་སྲས་རྣམ་པས་རྒྱབ་སྐྱོར་བཅས། རྟེན་དང་བརྟེན་པར་བཅས་པ་སྔོན་གྱི་དགོན་མལ་ཇི་ལྟ་བ་བཞིན་དང་། བཤད་སྒྲུབ་ལས་གསུམ་གྱི་མཛད་རྗེས་རྣམས་སླར་གསོ་གནང། ཁམས་སྤྲུལ་བརྒྱད་པས་འཕགས་ཡུལ་དུ། ས་སྤྲེལ་ ༡༩༦༨ ལོར་ཧི་མ་ཅལ་མངའ་སྡེའི་ཁོངས་སུ། བྱེས་ཀྱི་གདན་ས་བཀྲ་ཤིས་ལྗོངས། དཔལ་ཕུན་ཚོགས་ཆོས་འཁོར་གླིང། གསར་བཞེངས་དང་འབྲེལ། ད་ལྟ་སྐུ་ཕྲེང་དགུ་པ་རིན་པོ་ཆེ། བྱེས་ཀྱི་གདན་སར་བཞུགས་བཞིན་པའི་དགོན་སྡེ་འདི་ཉིད་ལ་ཡང་དགོན་ལག་ཆོས་ཚོགས་བཅུ་གསུམ་བཞི་ཙམ་ཡོད། སྐར་མ་བསྟན་འཕེལ་འཁྲུངས་ལོ་ནས་རྩིས་ན་ད་ལྟའི་བར་ལོ་བཞི་བརྒྱ་བཞི་བཅུ་ལྷག་གི་ལོ་རྒྱུས་ཡོད་པའི་དགོན་སྡེ་ཞིག་ཡིན་ནོ། ། |