3749

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:26, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁམས་སྤྲུལ་དང་པོ་ཀརྨ་བསྟན་འཕེལ་ (1)
Part of speech མིང་ཚིག
Definition ཁམས་སྤྲུལ་དང་པོ་མདོ་ཁམས་པ་ཀརྨ་བསྟན་འཕེལ་མཆོག་ནི། ཁམས་རི་བོ་ཆེ་ཁོ་ཚ་རིན་ཆེན་སྒང་དུ། ཡབ་མཁའ་འགྲོ་འབུམ་དང་། ཡུམ་རི་སྙེས་མའི་སྲས་སུ། རབ་བྱུང་བཅུ་པའི་ས་སྦྲུལ་ ༡༥༦༩ ལོར་འཁྲུངས། ཆུང་ངུ་ནས་རས་གཟན་ཞིག་མནབས་ནས། ང་འབྲུག་པའི་རྟོགས་ལྡན་ཡིན་གསུངས། རྡོ་གསོལ་བ་རིན་ཆེན་སེང་གེའི་སྤྲུལ་པར་གྲགས། ཁམས་རི་བོ་ཆེའི་དགོན་དུ་རབ་ཏུ་བྱུང་ཞིང་སྟག་ལུང་མར་ཐང་ལུགས་ཀྱི་འདོན་ཆོག་སོགས་དཔྱིས་ཕྱིན་བསླབས། རྗེ་དྲུང་མཚོ་སྐྱེས་རྡོ་རྗེ་ལས། དབང་ཆོས་ཅི་རིགས་གསན། ལྷ་ཁང་ཀ་དྲུག་མའི་དཀོར་གཉེར་ཀྱང་མཛད། དགུང་ལོ་ཉེར་དྲུག་པར། ཀརྨ་པ་དབང་ཕྱུག་རྡོ་རྗེའི་དྲུང་དུ་བསྙེན་པར་རྫོགས། མཚན་ཀརྨ་བསྟན་འཕེལ་བཏགས། དེ་ནས་དབུས་སུ་བྱོན། རྗེ་ངག་དབང་བཟང་པོའི་ཞབས་ལ་གཏུགས་ནས། སླར་ཡང་བསྙེན་པར་རྫོགས། མཚན་ངག་དབང་བསྟན་འཕེལ་དུ་བསྒྱུར། དབང་ཁྲིད་བུམ་པ་གང་བྱོར་བསྩལ། ནན་གྱིས་བསྒོམ་པས་ཉམས་ཐམས་ཅད་ཤུན་པ་བཤུས་པ་བཞིན་དུ་སོང་། རྗེ་ལྷ་བརྩེ་པས་ངོ་སྤྲོད་རྒྱས་པར་གནང་བས། ཕྱག་རྒྱ་ཆེན་པོའི་དེ་ཉིད་མངོན་དུ་གྱུར། བརྟན་པ་ཐོབ་ཕྱིར་ཆུ་བོ་རི་དང་། ལྕོག་མོ་རི་ཁྲོད་སོགས་སུ་འཚོ་བ་ཅི་ཡང་མེད་པར་དཀའ་སྤྱད་དྲག་པོས་རྒྱུན་རིང་བསྒོམས། སྤྲང་ཟས་ཁོ་ནས་བོགས་འདོན་དང་ཉམས་རྩལ་སྦྱོང་ཕྱིར། ལ་སྟོད་ཕྱོགས་སུ་སྤྱོད་པ་ལ་བྱོན། རྗེ་ཡི་ཞལ་བཀོད་བཞིན་ཁམས་སུ་བྱོན། རི་བོ་ཆེའི་བླ་དཔོན་རྣམས་འབྲུག་པ་བྱས་པ་ལ་དགྲར་ལངས་ནས། སྐུ་སྲོག་ལའང་ཉེན་ཁའི་བསམ་སྦྱོར་སྣ་ཚོགས་བརྩམས་ཀྱང་། ལམ་དུ་ཁྱེར་བས་གནོད་པ་མ་བྱུང་ཞིང་། གང་ཞིག་བདག་ལ་སྨོད་ཅིང་གཤེ་སྐུར་འདེབས། །ཞེས་སོགས་ཀྱིས་སྨོན་ལམ་མཛད། སྨད་འབའ་ཐང་ལ་ཕེབས་ནས། ཌཱ་ཀི་གསང་ཕུག་ཏུ་ཟླ་བ་དགུར་རྡོ་རྗེ་སྐྱིལ་ཀྲུང་མ་བཤིག་པར་བཞུགས་པར་མཛད། སླར་དབུས་སུ་ཕེབས། རྗེ་ལ་འབུལ་ནོད་རྒྱ་ཆེར་བསྟབས་ཤིང་སྒྲོ་འདོགས་ཆོད་པར་མཛད། སྟག་ལུང་ངག་དབང་རྣམ་རྒྱལ་ལས་གདམས་པ་མང་པོ་གསན། ཇོ་བོ་སྤྲག་བཙན་གྱི་བཀའ་གཏད་གནང་བས། འབྲུག་པའི་བསྟན་སྲུང་དུ་གྱུར། སླར་ཡང་ཁམས་སུ་ཆོས་འཁོར་རྒྱ་ཆེར་བསྐོར་བས། ཁྲིད་བཏབ་ཚད་ལ་ཡོན་ཏན་མ་སྐྱེས་པ་ཆེར་མ་བྱུང་ཞིང་། སྐུ་ཚེའི་སྨད་བྲག་གཡབ་ཕུག་ཆུང་དུ་དགོན་བཏབ་ཅིང་། མི་ཤིགས་རྡོ་རྗེའི་ཡང་རྫོང་དུ་མཚན་གསོལ། དེར་ལོ་གསུམ་མའི་བཅད་རྒྱ་ཡང་གནང་། ཡི་དམ་གྱི་ཞལ་གཟིགས་དང་། གྲུབ་རྟགས་བརྗོད་ལས་འདས། བེ་རི་རྒྱལ་པོ་སྐུ་མཆེད། གྲགས་སེང་མགོན་པོ་བསམ་གྲུབ་སོགས་ཆེ་གཉན་མང་པོས་དབུ་བླར་བཀུར། མི་ཤིགས་རྡོ་རྗེའི་རྫོང་དུ། དགུང་ལོ་རེ་དགུ་མེ་གླང་ ༡༦༣༧ ལོའི་ཟླ་བ་བཞི་པའི་ཚེས་གཅིག་ལ། མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །སྐུ་གདུང་ལོ་གཅིག་བར་དུ་བཞུགས་ཀྱང་བཀྲག་མདངས་མ་ཉམས་པ་བྱུང་། སློབ་མའི་གཙོ་བོ་ཐུགས་སྲས་ཐུ་བོ་བཞི། རྒྱ་མཚོ་རྣམ་གསུམ་དང་། རྒྱ་མཚོ་རྣམ་དགུ། ཡང་ན་རྒྱ་མཚོའི་མཚན་ཅན་བཅུ་གསུམ་སོགས་མང་དུ་བྱུང་བས། མདོ་ཁམས་ཕྱོགས་སུ་དོན་བརྒྱུད་འབྲུག་པའི་བསྟན་པ་རྒྱ་ཆེར་དར་བ་འདི་བྱུང་ངོ་། །

{{#arraymap:ཁམས་སྤྲུལ་དང་པོ་ཀརྨ་བསྟན་འཕེལ་

|; |@@@ | | }}