4557

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:38, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁྲི་ཆེན་ངག་དབང་མཆོག་ལྡན་ (1)
Part of speech མིང་ཚིག
Definition རྭ་སྒྲེང་མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ཡིན། རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ཕྱི་ལོ་ ༡༦༧༧ ལོར་མདོ་སྨད་གཅན་ཚ་ཡུལ་གྱི་ལེ་ལག་དཀར་མོ་ཕུག་ཏུ་ཡབ་ནང་སོ་ཕྱག་རྡོར་བཀྲ་ཤིས་དང་། ཡུམ་སྦོ་ཆོག་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ནས་ཀུན་སྤྱོད་བཟང་ཞིང་མཁྱེན་རྩལ་ལྡན། བྱ་ཁྱུང་དགོན་པའི་མཁན་པོ་ངག་དབང་ཚུལ་ཁྲིམས་ལས་རབ་ཏུ་བྱུང། མཚན་ལ་ངག་དབང་མཆོག་ལྡན་གསོལ། དགེ་ཚུལ་གྱི་སྡོམ་པ་ཡང་མཁན་པོ་དེ་ལས་བཞེས། ལོ་ཤས་རིང་གཞུང་ཆེན་ལྔའི་རྩ་བ་ཐུགས་འཛིན་དང་། བསྡུས་གྲྭ་བཅས་ལ་སྦྱངས། བཅོ་ལྔ་པ་རབ་བྱུང་བཅུ་གཉིས་པའི་ལྕགས་ལུག་ཕྱི་ལོ་ ༡༦༩༡ ལོར་དབུས་སུ་ཕེབས། སེར་བྱེས་བསམ་བློ་ཁང་ཚན་དུ་ཆོས་ཞུགས་མཛད། བསྡུས་གྲྭ་ནས་ཞུང་ཆེན་པོ་ལྔ་བར་སྦྱངས་པ་མཐར་ཕྱིན་པ་མཛད། ཉི་ཤུ་པ་མེ་བྱི་ཕྱི་ལོ་ ༡༦༩༦ ལོར་གསང་ཕུར་ཕར་ཕྱིན་གྱི་གྲྭ་སྐོར་མཛད། ཉེར་ལྔ་པ་ལྕགས་སྦྲུལ་ཕྱི་ལོ་ ༡༧༠༡ ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་མཛད། བཀྲ་ཤིས་ལྷུན་པོར་པཎ་ཆེན་ཆེ་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་བསྙེན་རྫོགས་བསྒྲུབས། རྒྱུད་སྨད་གྲྭ་ཚང་དུ་ཆོས་ཞུགས་མཛད། མཁན་ཆེན་དགེ་འདུན་ཕུན་ཚོགས་ཀྱི་དྲུང་ནས་གསང་སྔགས་ཀྱི་ཆོས་སྐོར་མང་པོ་གསན། སྔགས་རམས་གྲྭ་སྐོར་མཛད། ཉེར་དགུ་པ་ཤིང་བྱ་ཕྱི་ལོ་ ༡༧༠༥ ལོར་རྒྱུད་པའི་དགེ་བསྐོས་ཀྱི་ཁུར་བཞེས། ཡབ་ཡུམ་གྱིས་བསྐུལ་ངོར་རང་ཡུལ་དུ་ཕེབས། ལོ་ངོ་བཞི་ཙམ་བཞུགས། སོ་གསུམ་པ་ས་གླང་ཕྱི་ལོ་ ༡༧༠༩ ལོར་སླར་ཡང་དབུས་སུ་ཕེབས། རྒྱུད་གྲྭར་མུ་མཐུད་བཞུགས། ལྕགས་སྟག་ཕྱི་ལོ་ ༡༧༡༠ ལོར་མངའ་རིས་མཐོ་ལྡིང་དགོན་གྱི་མཁན་པོར་བསྐོས། ལོ་བདུན་གྱི་རིང་ཆོས་སྲིད་གཉིས་ཐོག་འཛིན་སྐྱོང་མཛད། སྔ་རྗེས་སུ་པཎ་ཆེན་རིན་པོ་ཆེ་དང༌། རྒྱུད་སྨད་མཁན་ཆེན་དགེ་འདུན་ཕུན་ཚོགས། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། འཇམ་དབྱངས་བདེ་བའི་རྡོ་རྗེ་སོགས་བླ་མ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་གསན། ཞེ་གསུམ་པ་ས་ཕག་ཕྱི་ལོ་ ༡༧༡༩ ལོར་རྒྱུད་སྨད་ཀྱི་མཁན་ཁྲིར་ཕེབས། ལོ་བཅུའི་རིང་འཆད་ཉན་གོང་འཕེལ་བཏང་། བདེ་མཆོག་གི་སྒྲུབ་མཆོད་གསར་འཛུགས་བྱས། ང་གཉིས་པ་ས་སྤྲེལ་ཕྱི་ལོ་ ༡༧༢༨ ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས། གསང་སྔགས་ཀྱི་དབང་ཁྲིད། ལུང༌། མན་ངག་ཐམས་ཅད་ཕུལ། རེ་གསུམ་པ་རབ་བྱུང་བཅུ་གཉིས་པའི་ས་ལུག་ཕྱི་ལོ་ ༡༧༣༩ ལོར་དགའ་ལྡན་གསེར་ཁྲིར་ཕེབས། རྒྱལ་དབང་མཆོག་ལ་རྭ་སྒྲེང་དགོན་པ་བཞུགས་ཡུལ་དུ་གསོལ་བའི་རེ་འདུན་ལྟར་གནང་། དོན་ལྔ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག་ཕྱི་ལོ་ ༡༧༥༡ ལོར་རྭ་སྒྲེང་དགོན་པར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ང་བཞི་བ་ཡིན། སློབ་མ་རྒྱལ་བ་སྐལ་བཟང་རྒྱ་མཚོ། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ཡིན། མཚན་གཞན། གཅན་ཚ་ངག་དབང་མཆོག་ལྡན།