4656
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡབ་ཁྲི་ལྡེ་གཙུག་བཙན་དང་ཡུམ་སྣ་ནམ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་སུ་ཆུ་རྟ་ཕྱི་ལོ་ ༧༤༢ ལ་འཁྲུངས། ཚེ་སྤོང་བཟའ་མེ་ཏོག་སྒྲོན་དང་། མཆིམས་བཟའ་ལྷ་མོ་བཙུན། འབྲོ་བཟའ་བྱང་ཆུབ་སྨན། ཕོ་ཡོང་བཟའ་རྒྱལ་མོ་བཙུན། མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་སོགས་ཁབ་ཏུ་བསུས། ཚེ་སྤོང་བཟའ་ལ་སྲས་མུ་ཁྲི། མུ་ནེ། མུ་རུག་བཙན་པོ། ཁྲི་ལྡེ་སྲོང་བཙན་བཅས་འཁྲུངས། བློན་དབས་སྣང་བཞེར་སྐུ་བརྩན། འགོས་ཁྲི་བཟང་ཡབ་ལྷག མཆིམས་རྒྱལ་གཟིགས་ཤུ་ཏེང་། ངན་ལམ་སྟག་སྒྲ་ཀླུ་གོང་། སྣ་ནམ་ཞང་རྒྱལ་ཚན་ལྷ་སྣང་། འབྲོ་ཁྲི་གཟི་རམ་ཤག དཔའ་མང་རྗེ་ལྷ་ལོད། སྐྱེས་བཟང་སྟག་སྣང་། ཁྲི་སྟག་ཚབ་བཅས་ཀྱིས་བློན་པོ་བྱས། དགུང་ལོ་བཅུ་བཞི་ལ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཤིང་ཡབ་ཀྱི་ལག་དམར་ལང་ལང་འབལ་གཉིས་ལ་བཀྱོན་ཕབ་ཅིང་བྲན་འཁོར་མཐའ་ལ་སྤྱུགས་ཤིང་རྒྱུ་ནོར་རྩིས་ལ་ཕབ། དཔལ་གྱི་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་། མཁན་སློབ་སོགས་རྒྱ་གར་གྱི་པཎ་གྲུབ་མང་པོ་གདན་དྲངས། བཻ་རོ་སོགས་ཁྱད་དུ་འཕགས་པའི་ལོ་ཙཱ་བ་མང་པོ་བསྐྱེད་བསྲིངས་ཤིང་། བཀའ་དང་བསྟན་བཅོས་སོགས་རིག་པའི་གཞུང་ལུགས་མང་པོ་ནང་འདྲེན་གནང་། མཁན་ཆེན་ལས་སད་མི་དག་རབ་ཏུ་བྱུང་ཞིང་བསྟན་པའི་གཞི་མ་དམ་ཆོས་འདུལ་བའི་བསྟན་པ་གཞིར་བཞེངས་མཛད། མཐའི་རྒྱལ་ཕྲན་མང་པོ་འབངས་སུ་བྱས། རྒྱ་དཀར་ནག་ལ་དམག་དྲངས་ཤིང་དཔྱ་ཕབ། ཧོ་ལན་ཧྲན་རྒྱ་བོད་ཀྱི་ས་མཚམས་སུ་བྱས་ཤིང་། ས་མཚམས་ཀྱི་རྡོ་རིང་བརྩེངས། བཀའ་དང་བསྟན་བཅོས་ཀྱི་དགོངས་འགྲེལ་བརྩམས། མཐར་མེ་གླང་ཕྱི་ལོ་ ༧༩༧ ལ་སྐུ་གཤེགས། ལོ་རྒྱུས་རྒྱས་པ་ཐང་བོད་ཡིག་ཚང་དང་། སྦ་བཞེད། བཀའ་གཙིགས་དང་ཆོས་གཙིགས་རྩེ་ཞོལ་རྡོ་རིང་སོགས་སུ་གསལ། བང་སོ་མུ་ར་རི་ལ་བརྩིགས། |
| Synonyms | ཏུན་ཧོང་དང་། ལྡེའུ་ཆོས་འབྱུང་། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ཁྲི་སྲོང་ལྡེ་བརྩན། ལེགས་བཤད་རིན་པོ་ཆེའི་གཏེར་དང་ལྷ་བཙན་པོའི་གདུང་རབས་ལས། ཁྲི་སྲོང་ལྡེའུ་བཙན། གཞན་ལོ་རྒྱུས་ཕལ་མོ་ཆེར་ཁྲི་སྲོང་ལྡེ་བཙན་ཞེས་འཁོད་ཡོད། |