7201
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། གཏོར་མགྲོན་སྤྱན་འདྲེན་པའི་ཚུལ་ནི། དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས་གསུངས་པ་ལྟར། ཁྲོ་བོ་བཅུ་དང་བཅས་པའི་བསྲུང་བའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བའི་ནང་དུ་འདུས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྱན་འདྲེན་པ་ནི། འཇིག་རྟེན་ལས་འདས་པའི་གཏོར་མགྲོན་ཡིན་ལ། དེའི་ཕྱི་རོལ་ཏུ་ཕྱོགས་སྐྱོང་བཅོ་ལྔ་སྤྱན་འདྲེན་པ་ནི་འཇིག་རྟེན་པའི་མགྲོན་ཡིན་ནོ། །དེ་ཡང་འཇིག་རྟེན་པའི་མགྲོན་རྣམས་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས་འདུས་པའི་ལྷ་ཤེས་རབ་མ་དང་བཅས་པའི་སྐུར་བཞེངས་པ་ནི། ཚངས་པ་དང་སའི་ལྷ་མོ་གཉིས་དེ་བཞིན་གཤེགས་པའི་རིགས་ཡིན་པས་རྣམ་སྣང་ཡུམ་བཅས་སུ་བསྐྱེད། རྡོ་རྗེ་ཉི་མ་རིན་པོ་ཆེའི་རིགས་ཡིན་པས་རིན་འབྱུང་ཡུམ་བཅས་སུ་བསྐྱེད། རྡོ་རྗེ་འཇིགས་བྱེད། རྡོ་རྗེ་ཁྲོ་བོ། རྡོ་རྗེ་ཀླུ་གསུམ་པདྨའི་རིགས་ཡིན་པས་འོད་དཔག་མེད་ཡུམ་བཅས་སུ་བསྐྱེད། རླུང་ལྷ་ལས་ཀྱི་རིགས་ཡིན་པས་དོན་གྲུབ་ཡུམ་བཅས་སུ་བསྐྱེད། ལྷག་མ་རྣམས་རྡོ་རྗེའི་རིགས་ཡིན་པས་མི་བསྐྱོད་པ་ཡུམ་བཅས་སུ་བསྐྱེད་པའམ། ཡང་ན་ཐམས་ཅད་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་རེག་བྱ་རྡོ་རྗེ་མས་འཁྱུད་པར་བསྐྱེད་པའི་སྐུ་མདོག་ཕྱག་མཚན་ཞལ་ཕྱག་གི་གྲངས་ལ་སོགས་པ་རྣམས་མན་སྙེ་ལས་གསུངས་པ་ལྟར་བཀོད་ནས་བསྒོམ་པ་ཡིན་ནོ། ། |
| Domain | ཆོས་ལུགས། |