9572
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྡོ་སྨན་བྱེ་བྲག་ཅིག་གི་མིང་སྟེ། འདི་ལ་ཡུལ་དང་དུས་སྐབས་སོ་སོར་ངོས་འཛིན་གྱི་ཁྱད་པར་མ་འདྲ་བ་ཆེ་ཙམ་བྱུང་ན་ཡང་ཁྱད་པར་གྱི་རྟགས་ནི། ཁམ་ཁྲ་འགའ་ཞིག་ལ་ཅུང་ཟད་དྭངས་པའི་ཉམས་ཡོད་པ་ལས་ཕལ་ཆེ་བ་ཤིན་ཏུ་འཐིབས་ཤིང༌། ཞིབ་པར་བལྟས་ན་མཆོང་སོགས་རིན་ཆེན་རིགས་གཞན་ལ་མེད་པའི་ཁ་སྤ་ཞེས་པའི་དམིགས་བསལ་གྱི་ཤ་རིས་སྒོར་ཞིབ་མང་པོ་མིག་གིས་སོད་ཚོད་ཙམ་ཞིག་ཡོད་ལ། མཁྲེགས་ཚད་ཆུང་ཞིང་ཁྲོབ་པས་བརྡུང་ན་ཆག་སླ་བ། ཕྱིའི་ཁ་དོག་ཇི་ལྟར་ཡོད་མེད་ལ་མ་ལྟོས་པར་བཅག་ཁ་ཁམ་སྐྱའམ་འོ་ཁ་ཡིན་པ་བཅས་ཡོངས་གྲགས་ངོས་འཛིན་སླ། གཞན་ཡང་དེང་སྐབས་མཐོང་མང་བའི་གཟི་རིགས་ལ་དབྱིབས་ཀྱི་སྒོ་ནས་ཟླུམ་པོ་སྟག་ལོག་དང༌། ནར་མོ་རྐང་རིང་སྟེ་རྩ་བའི་རིགས་གཉིས། རི་མོའི་ཁྱད་པར་ལས། ཡུལ་སོ་སོར་མིང་མི་འདྲ་བ་སྣ་ཚོགས་འདོགས་སྲོལ་ཡོད་དེ། དཔེར་ན་རྟ་སོ་མ་དང༌། ནོར་གཞོང་མ་དང༌། མདུང་དཀྲིས་མ། གནམ་ས་ཁ་སྤྲོད། ཚེ་བུམ་ཅན། ལུག་མིག་ལ་སོགས་པ་ལྟ་བུའམ། ཁ་དོག་གི་ཁྱད་པར་ལས་གཟི་དཀར་དང༌། གཟི་ནག གཟི་སྨུག གཟི་ཁམ། གཟི་དམར་བཅས་ལྔ་ཡོད་པ། གཞན་ཡང་གཟི་ཡི་རུས་ལ་ཤེལ་བཟོ་ཅུང་ཟད་ཡོད་པ་ཤིན་ཏུ་དྭངས་ཤིང་ལུས་མི་སྒྲིབ་པ་ལ་མཆོང་གཟི་ཞེས་པའང་ཡོད། རྩ་བའི་གཟི་ཡི་རུས་ནི་རྡོ་རིགས་ཡིན་ཞིང༌། རྡོ་འབྲུ་ཤིན་ཏུ་ཞིབ་པ་གཞན་དང་མི་འདྲ་བའི་སྣུམ་ཞག་ཡོད་པ། བཅག་འཕྲོ་རིན་ཆེན་རྡོ་རིགས་གཞན་དང་བསྡུར་ན་རྩ་བ་ནས་མི་འདྲ་བའི་ཁྱད་པར་ཡོད། ཆུ་མིག་མང་ཉུང་དང་ཁ་དཀྲིས་མང་ཉུང་གི་ཐོག་ནས་མཆོག་དམན་དབྱེ་བ་འབྱེད་པ་དེ་ན་རྒྱན་ཆའི་སྐབས་ཙམ་ལས། སྨན་ལ་གཏོང་བར་རྒྱུ་གཟི་ཡིན་ན་འགྲིག འོན་ཀྱང་ཆུ་མི་དགུ་པ་ཡིན་ན་སྨན་དང་རྒྱན་ཆ་གཉིས་ཀར་མཆོག་དམ་པ་ཡིན་པའོ། །འདིའི་འབྱུང་ཁུངས་ལ་ཁ་ཅིག་རང་བྱུང་གི་གཏེར་དངོས་ཡིན་པར་ངོས་འཛིན་བྱེད་པ་དང༌། ཁ་ཅིག་གིས་མི་མ་ཡིན་གྱི་རྫུ་འཕྲུལ་གྱིས་མཐུ་ལས་བྱུང་བ་ཡིན་པར་ངོས་འཛིན་བྱེད་པ། ཁ་ཅིག་གིས་གནའ་བོའི་མིས་བཟོས་པའི་རྒྱན་ཆའི་རིགས་ཡིན་པར་ངོས་འཛིན་བྱེད་པ་སོགས་བཤད་སྲོལ་མང་ཡང༌། འདི་ནི་ཕལ་ཆེར་བོད་སྔ་རབས་པའི་བཟོ་གནས་ལ་མཁས་པ་ཚོས་རང་བྱུང་གཏེར་རིགས་ལ་བཟོ་རྩལ་གྱི་ལས་སྣོན་བྱས་པ་ལས་བྱུང་བ་ཞིག་ཡིན། རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བ། ངོ་བོའི་ནུས་པས་གདོན་གཟེར་འཇོམས་ཤིང༌། ཀླད་སྐྱོན་རྩ་དཀར་གྱི་ནད་རྣམས་སེལ་ལ། ལུས་ལ་འཆང་བས་སྟེང་གདོན་གཟའ་ནད་སོགས་སྲུང་བར་བྱེད། |
| Domain | གསོ་རིག |