10375
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཡུ་འབྲུག་སྐུ་ཕྲེང་གསུམ་པ་འབྲུག་པ་ངག་དབང་བདེ་ཆེན་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས་ཕྱི་ལོ་ ༡༧༡༡ ལ་མཚན་དཔེའི་མེ་ཏོག་གསར་དུ་ཁ་འབུས། དཔལ་རྒྱལ་དབང་ཀརྨ་པ་བཅུ་གསུམ་ཐེག་མཆོག་རྡོ་རྗེ་ནས་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་བ་ལྟར། དགུང་ལོ་ལྔ་པའི་ཐོག་རང་དགོན་དུ་ཞབས་སེན་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ། སྐུ་ན་ཆུང་ངུའི་དུས་ནས་འབྲི་ཀློག་སོགས་རིག་པའི་གནས་མཐའ་དག་ལ་སྦྱངས་ཤིང་། ཁྱད་པར་དུ་ཡོངས་འཛིན་འཇམ་དཔལ་དཔའ་བོ་སོགས་ཚད་ལྡན་གྱི་བླ་མ་དུ་མའི་ཞབས་རྡུལ་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་ཏེ། སྔ་འགྱུར་བཀའ་གཏེར་གྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གསན་པས་མཚོན་དུས་སྐབས་དེར་བཞུགས་པའི་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་སྐྱེས་བུ་མང་དུ་བྱོན་པ་ལས་སོ་སོའི་ཆོས་བརྒྱུད་ཀྱི་གདམས་པ་རྣམས་གསན་ནས་གདམས་པའི་ཆོས་ཀྱི་ཆུ་ཀླུང་མ་ལུས་པ་འདུས་པའི་མ་འདྲེས་པའི་རྒྱ་མཚོ་ལྟ་བུར་གྱུར། མདོར་ན་དམ་པ་འདི་ཉིད་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁྱེན་བརྩེ་ནུས་གསུམ་གྱི་ཕྲིན་ལས་ཕྱོགས་མེད་དུ་བསྐྱངས་ཏེ་ཁམས་དབུས་ཀུན་དུ་འགྲོ་དོན་མཐའ་རྒྱས་སུ་གྱུར། ཉིད་ཀྱི་སྐུ་དུས་སུ་དཀར་མོ་ཤེལ་རྫོང་གི་རི་ཞོལ་དུ་དཔལ་བྱང་ཆུབ་ཆོས་འཁོར་གླིང་ཞེས་པའི་གདན་ས་ཕྱག་བཏབ། གཙུག་ལག་ཁང་དང་ཀུན་དགའ་ར་བ་སོགས་མང་ཙམ་གསར་བཞེངས་གནང་ཞིང་། ཡི་དམ་ལྷ་ཡི་སྒྲུབ་མཆོད་གསར་འཛུགས་མཆོད་རྒྱུན་སྔར་ཡོད་ཉམས་གསོ་རྒྱ་ཆེར་མཛད་པ་དང་། དད་འབུལ་གྱི་དངོས་པོ་ཅི་མཆིས་ཆུད་མི་ཟ་ཞིང་། འབྲེལ་ཐོབ་ལྟོས་བཅས་བྱང་གྲོལ་ལ་འགོད་པ་དང་། བསྟན་འགྲོའི་དུས་རྒུད་ཞི་བ་སོགས་ཀྱི་ཆེད་དུ་དམིགས་ཏེ་བསྐྲུན་པའི་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་བསམ་གྱིས་མི་ཁྱབ་པ་གསར་བཞེངས་གནང་བར་མ་ཟད། ཁམས་སྤྲུལ་རིན་པོ་ཆེ་ནས་གསར་དུ་ངོས་འཛིན་གནང་བའི་ཚེ་ལྷ་སྤྲུལ་སྐུ་དང་། མཐུ་སྟོབས་ཆོས་ཀྱི་མགོན་པོ་ནས་གནང་བའི་ཡང་སྤྲུལ་རིན་པོ་ཆེ་རྣམ་གཉིས་གསར་དུ་ཁྲི་ལ་བཀོད་པས་བླ་སྤྲུལ་སྐྱེས་ཆེན་དུ་མ་བྱོན་ཏེ་འགྲོ་དོན་མཐའ་རྒྱས་སུ་གྱུར། མདོར་ན་དམ་པ་འདི་ཉིད་ཀྱི་མཛད་པ་རེ་རེའང་བསམ་ལས་འདས་པ་དུ་མ་མཛད་དེ་མཐར་རབ་བྱུང་བཅུ་གསུམ་པའི་ལྕགས་ཡོས་ཕྱི་ལོ་ ༡༧༧༡ ལ་རེ་ཞིག་སྐུ་ཡི་སྣང་བརྙན་ཆོས་ཀྱི་དབྱིངས་སུ་ཐིམས། |