10399
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྩིས་ཆེན་བདུན་གྱི་ནང་གསེས་ཤིག་སྟེ། ནད་རྩིས་ཐང་ཤིང་གི་རྩིས་མིག་བཅུ་དྲུག་པོ་འཕྲེད་དུ་བང་བསྒྲིགས་ནས་བཞག་པ་ལས་དངོས་བསྟན་བཅོ་ལྔའི་འཐབ་རྡེལ་དག་གི་གྲས་སུ་རྡེའུ་དཀར་པོ་བཞི་ཐུར་གསེག་དུ་འབྲེལ་ན་གཡུ་ཤུག་རྒྱས་ཞེས་དང་། རྡེའུ་ནག་པོ་བཞི་ཐུར་གསེག་དུ་འབྲེལ་ན་གཡུ་ཤུགས་སྐམ་ཞེས་ཟེར་ཞིང་། འདི་ནི་ཟིམ་ཤིང་བྱང་ཆུབ་རྒྱལ་གྱི་བཞེད་པ་ཡིན། འབྲེལ་བའི་རྡེལ་བཞི་ནི་རྩིས་མིག་གང་གི་སྲོག་རྡེལ་དང་། དེའི་རྗེས་མའི་ལུས་རྡེལ། དེའི་རྗེས་མའི་དབང་རྡེལ། དེའི་རྗེས་མའི་ཀླུང་རྡེལ་བཅས་ཡིན། དེ་ལྟའི་གཡུ་ཤུག་རྒྱས་པ་དེ་ཕའམ་སྐྱེས་པའི་ས་ཞེས་པ་རྩིས་མིག་བཅོ་ལྔ་པོ་ཆ་གསུམ་དུ་སྙོམས་བགོས་བྱས་པའི་ལྔ་ཚན་དང་པོར་ཚུད་ན་ཕོ་སར་དར་འཕྱར། མའམ་བུད་མེད་ཀྱི་ས་ཞེས་པ་ལྔ་ཚན་གཉིས་པར་ཚུད་ན་མོ་སར་གཡུང་དྲུང་འཁྱིལ། བུའམ་བྱིས་པའི་ས་ཞེས་པ་ལྔ་ཚན་གསུམ་པར་ཚུད་ན་བུ་སར་རྒྱ་མཚོ་འཁྱིལ། ཕོ་མོའི་བར་དུ་བྱུང་ན་སྲིད་ཁྱིམ་བརྩིགས། མ་བུའི་བར་དུ་བྱུང་ན་དཔལ་གྱི་ཉི་མ་ཤར། གལ་སྲིད་གཡུ་ཤུག་གཅིག་རྒྱས་ན་གནམ་གྱི་སྤྲིན་པ་རལ། གཉིས་རྒྱས་ན་ཉི་མ་ཤར་ཞིང་རྡུལ་བྲལ། གསུམ་རྒྱས་ན་གསེར་སྤང་ལུ་གུས་བཀང་། བཞིའི་ཡན་རྒྱས་ན་ཁྲི་མུན་གྱི་སྐར་ཁུང་ཕྱེས་པས་ཤིན་ཏུ་བཟང་། ཡང་དེ་ལྟའི་གཡུ་ཤུག་སྐམ་པ་དེ་ལྔ་ཚན་དང་པོ་ཕོ་སར་ཚུད་ན་ལྷ་དར་འཚིག ལྔ་ཚན་གཉིས་པ་མོ་སར་ཚུད་ན་ཐང་ལ་ལྷུང་། ལྔ་ཚན་གསུམ་པ་བུ་སར་ཚུད་ན་དབང་པོ་ཤོར། ཕོ་མོའི་བར་དུ་བྱུང་ན་དཔལ་ཁྱིམ་ཞིག མ་བུའི་བར་དུ་བྱུང་ན་སྲིད་མཁར་འགྱེལ། གལ་སྲིད་གཡུ་ཤུག་གཅིག་སྐམ་ན་བདུད་འབབ། གཉིས་སྐམ་ན་བྱུར་འོང་། གསུམ་སྐམ་ན་མུན་ནག་གི་སྐར་ཁུང་བཀག བཞིའི་ཡན་སྐམ་ན་ཤིན་ཏུ་ངན། དཀར་ནག་འབྲེལ་མ་ཆགས་པར་འདྲེས་མ་བྱུང་ན་མནའ་ཟོས་པའམ་རྦད་འདྲེ་གནོད་པས། བཅོས་སུ་དགྲ་ཟོར་འཕེན་ཞིང་དགྲ་མནན་བྱ་དགོས། རྩིས་མིག་བཅོ་ལྔ་པོའི་དང་པོ་བླ་ཚེ་སྟོར་མིན་བརྟག་པ་ནས་བཟུང་སྟེ་བཞི་ཚན་གཅིག་དང་། དེ་བཞིན་དུ་གཉིས་པ་རྒྱལ་པོ་གདན་སར་འདྲེད་མིན་བརྟག་པ་ནས་བཟུང་སྟེ་བཞི་ཚན་གཅིག་བཅས་བླངས་ན། དེ་ལྟའི་བཞི་ཚན་བཅུ་གཉིས་ལོན་པས་མིང་གི་རྣམ་གྲངས་ལ་གཡུ་ཤུག་བཅུ་གཉིས་རྩིས་ཀྱང་ཟེར་བ་ཡིན། དཔག་བསམ་ལྗོན་ཤིང་དུ་གཡུ་ཤུག་དང་པོ་ནས་བཅུ་གཉིས་བར་དུ་སྐམ་པའི་ངན་འབྲས་རེ་རེ་ནས་བཅོས་ཐབས་དང་བཅས་པ་གསུངས་ཡོད། |
| Domain | རྩིས་རིག |