11537
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་སྤྲུལ་གཉིས་པ་ངེས་དོན་བཤད་སྒྲུབ་བསྟན་འཛིན་མཆོག་ནི། ཁམས་གོ་འཇོ་དཔའ་ལའི་ལྡིང་འོག་སེན་རེས་ཤོག་བཞིའི་ནང་ཚན་འགུགས་ཐོག་ཇོ་ཡིའི་ཚང་ཡབ་པདྨ་ནོར་བུ་དང་། ཡུམ་པདྨ་ལྷ་མོ་གཉིས་ཀྱི་སྲས་སུ་ཤིང་སྤྲེལ་ ༡༩༤༤ ལོར་སྐུ་འཁྲུངས། ཁམས་སྤྲུལ་བརྒྱད་པ་དོན་བརྒྱུད་ཉི་མ་དང་། མཁྱེན་རྩེ་ཆོས་ཀྱི་བློ་གྲོས་ཟུང་གིས་རྒྱལ་སྲས་འཕགས་མཆོག་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་རྩེ་མཐུན་གནང་ནས་གསོལ་སྡེར་དགོན་གྱི་གདན་སར་བཀོད། ཁམས་སྤྲུལ་དོན་བརྒྱུད་ཉི་མ། འཇམ་མགོན་པདྨ་བདེ་ཆེན། གཏེར་སྟོན་རིན་ཆེན་གླིང་པ། ཨ་འཛོམ་འབྲུག་པ། འཕགས་པ་ལྷའི་ཡོངས་འཛིན་ཐུབ་བསྟན་དམ་པ། ཕྱིས་གསེར་ཐང་ཆོས་རྗེ་འཇིགས་མེད་ཕུན་ཚོགས་སོགས་ལས། འབྲུག་ལུགས་རྡོ་རྗེ་ཕྲེང་བ་དང་། གྲུབ་དབང་སྙན་བརྒྱུད་ཀྱི་ཆོས་སྐོར་སོགས། གསར་རྙིང་རིས་མེད་ཀྱི་སྐྱེས་ཆེན་དམ་པ་མང་དུ་བསྟེན། གཞན་ཡང་གཡུང་དྲུང་བོན་གྱི་ཟབ་ཆོས་མན་ངག་ཡང་རྒྱ་ཆེར་གསན། དགུང་ལོ་ཉེར་གཉིས་ནས་རྒྱ་ནག་གི་རིག་གནས་གསར་བརྗེའི་གོད་ཆག་ཆེན་པོའི་ནང་ཁོང་ཉིད་འཁྲུངས་ཡུལ་དུ་ཞིང་ལས་དང་། ཞོར་དུ་ཆོས་དང་སྨན་ལ་སོགས་པ་བསྟན་འགྲོར་ཕན་པའི་བྱ་ལས་མང་པོ་གནང་། གསང་ཡུམ་ཆོས་དབྱིངས་བཟང་མོ་ཁབ་ཏུ་བཞེས་ནས། རིགས་ཀྱི་སྲས་རྒྱལ་སྲས་པད་བདེའི་ཡང་སྲིད་མཆོག་དང་། མཆོག་སྤྲུལ་པདྨ་བསྟན་འཛིན་སོགས་སྲས་ཕོ་མོ་བརྒྱད་ཙམ་འཁྲུངས། སླར་ཡང་ཤིང་ཁྱི་ ༡༩༨༤ ལོ་ནས་གསོལ་སྡེར་དགོན་གྱི་གདན་སར་ཞབས་སོར་བཀོད་དེ་རྟེན་གསུམ་གསར་བཞེངས་དང་། སྨོན་ལམ་ཚོགས་སྒྲུབ་གསར་འཛུགས་སོགས། བསྟན་དགོན་ཉམས་གསོའི་ཐུགས་ནུས་གང་ཡོད་བཏོན་པ་སོགས་བསྟན་འགྲོ་སྤྱི་ལ་ཕན་པའི་འཁོར་ལོ་གསུམ་གྱི་མཛད་བཟང་རྒྱ་ཆེར་གནང་། བོད་ཀྱི་ཐུན་མིན་ཕྱག་བྲིས་དབུ་ཆེན་དབུ་མེད་ཡིག་ཆུང་ཚུགས་འཁྱུག་གཟབ་བྲིས། ལན་ཝར་སོགས་ལ་སྔོན་དུ་བོད་སྤྱི་ལ་བྱུང་མྱོང་མེད་པའི་ཕུལ་དུ་བྱུང་བའི་མཁས་པ་ཆེན་པོ་ཞིག་ཡིན། ཕྱག་བྲིས་བྱེད་པའི་སྐབས་སུ་གཟིགས་པ་དང་མ་གཟིགས་པ་གཉིས་ལ་ཡག་སྡུག་གི་དབྱེར་མེད་པ་གནང་གི་ཡོད་འདུག གུ་རུའི་ཐུགས་ཏིག་བར་ཆད་ཀུན་སེལ་གཙོས་དགོངས་གཏེར་ཡང་མི་ཉུང་བ་ཡོད། གསོལ་སྡེར་དགོན་པ་དེ་ནི་གྲུབ་དབང་ཤཱཀྱ་ཤྲཱིའི་ལུགས་ཐུན་མིན་བཀའ་རྙིང་ཟུང་འབྲེལ་ལམ་ཕྱག་རྫོགས་ཟུང་འཇུག་དང་། ཉིད་ཀྱི་ཟབ་གཏེར་སྙན་བརྒྱུད་ཀྱི་གདམས་པའི་ཕྱག་བཞེས་ཆ་ཚང་བ་ཡོད་མ་ཟད། རྟོགས་པའི་བསྟན་པ་འཛིན་པ་ལ་ཟླ་དང་བྲལ་བ་ཞིག་ཡིན་པར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། ཨ་འཛོམ་འབྲུག་པ། ཟུར་མང་དྲུང་པ་རིན་པོ་ཆེ་སོགས་ཀྱིས་ཀྱང་བསྔགས་བརྗོད་གནང་། འདིས་གྲུབ་དབང་ཟབ་ཆོས་སྐོར་ཕྱོགས་བསྒྲིགས་དང་། དཀར་ཆག་བརྩམས་པ་སོགས་མཛད། མཐར་མེ་ཕག་ ༢༠༠༧ ལོར་སྐུ་འདའ་ཁའི་ཞལ་ཆེམས་སོགས་ལྷུག་སྩོལ་གནང་ནས་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས། |