11632
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་པའི་ཤིང་འབྲུག་ཕྱི་ལོ་ ༡༨༤༤ ལོར་རྒྱ་དཔོན་ལུང་པའི་ར་རྒན་སྡེ་བའི་རྫོང་ནང་དུ་ཡབ་དབང་རྒྱལ་དང་། ཡུམ་རིན་ཆེན་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བདུན་པར་སྐྱབས་རྗེ་གྲོ་ཚང་བྲག་རིན་པོ་ཆེ་དང་། གྲོའུ་ཀྱཱའི་བླ་རྒན་གཉིས་ཀྱིས་གྲོའུ་ཀྱཱ་བསྟན་འཛིན་རྒྱ་མཚོའི་སྤྲུལ་སྐུར་ངོས་བཟུང་། སྐུ་མཆེད་རིན་པོ་ཆེ་བློ་བཟང་བསྟན་པ་རྒྱ་མཚོ་ལས་དགེ་བསྙེན་དང་། བར་མ་རབ་བྱུང་གི་སྡོམ་པ་བཞེས། བརྒྱད་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། སྡེ་ཁྲི་རིན་པོ་ཆེ་ལས་ཚེ་དབང་དང་། ཁོང་བསྐལ་བཟང་ལས་ཆོས་སྤྱོད་བཅས་གསན། བཅུ་གསུམ་པར་གྲོ་ཚང་དགོན་པར་ཞུགས། བསྡུས་ཆུང་ལ་སྦྱངས། བཅུ་བཞི་པར་རྒྱན་འཇུག་ཚོགས་རྒྱུགས་ཕུལ། ཁ་དོག་གི་ཚོགས་ལངས་བཞེངས། བཅོ་བརྒྱད་པར་སྐུ་འབུམ་གྲོའུ་ཀྱཱ་སྒར་བར་ཕེབས། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། བཀའ་པོད་ལྔ་ལ་ཐོས་བསམ་མཛད། བཅུ་དགུ་པར་ཤིང་བཟའ་རྡོ་རྗེ་འཆང་ལས་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་། རྟ་མགྲིན་ཡང་གསང་གི་དབང་། སྨན་བླ་ཐོ་བརྩེགས་བཅས་གསན། ཉི་ཤུ་ཐམ་པར་ཤིང་བཟའ་རྡོ་རྗེ་འཆང་ལས་དགེ་ཚུལ་བསྒྲུབས། རང་ཡུལ་དུ་ཕེབས། ཉེར་ལྔ་པར་པཎྜི་ཏ་ངག་དབང་ལེགས་བཤད་ཉི་མའི་དྲུང་ནས་རྩིས་དཀར་ནག་དང་། རྒྱ་ནག་ཆུ་རྩིས། སུམ་རྟགས། སྒྲ་ཊཱིཀ་སོགས་རིག་གནས་རྣམས་ཀྱི་ཁྲིད་རྒྱུན་གསན། སོ་གཅིག་པར་ཤིང་བཟའ་རྡོ་རྗེ་འཆང་གི་བཀའ་ལྟར་གྲོ་ཚང་རྒྱུད་པ་མཁན་པོའི་གདན་སར་ཕེབས། སོ་གཉིས་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། སོ་གསུམ་པར་ཤིང་བཟའ་རྡོ་རྗེ་འཆང་སོགས་ལས་བསྙེན་རྫོགས་བསྒྲུབས། བཞི་བཅུ་བ་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ཕྱི་ལོ་ ༡༨༨༣ ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲིར་ཕེབས། འཆད་ཉན་ལེགས་པར་བསྐྱངས། ཞེ་བདུན་པ་རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་ཕྱི་ལོ་ ༡༨༩༠ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་དོ་དམ་མཛད། རབ་བྱུང་བཅོ་ལྔ་པའི་ལྕགས་ཡོས་ཕྱི་ལོ་ ༡༨༩༡ ལོར་ཚོགས་ཆེན་རུང་ཁང་ཆེན་མོ་གསར་བཞེངས་མཛད། ཁྲི་ཟུར་རྗེས་སྐུ་འབུམ། གྲོ་ཚང་རྡོ་རྗེ་འཆང་དུ་རེས་མོས་བཞུགས། སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ང་བཞི་བ་དང་། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་དོན་གཉིས་པ་ཡིན། |