11988
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུངས་ཡུལ་རྫ་བརྒྱུད་ཤེལ་ཚ་གྲོང་མོ་ཆེར་ཡབ་གླང་རིན་ཆེན་བླ་མའི་སྲས་སུ་རབ་བྱུང་དྲུག་པའི་ས་སྟག་ཕྱི་ལོ་ ༡༣༣༨ ལ་སྐུ་བལྟམས། དགུང་ལོ་གསུམ་རྫོགས་པའི་སྟེང་ནས། སྐུ་གསུམ་རྡོ་རྗེ་འཆང་མངོན་དུ་གྱུར་པའི་རྟགས་སུ། ནམ་མཁའ་མདའ་གང་གི་མཚམས་སུ་རྡོ་རྗེ་སྐྱིལ་ཀྲུང་གིས་བར་སྣང་དུ་བཞུགས། འཇའ་འོད་ཁ་དོག་ལྔ་ལྡན་གྱི་དབུས་ནས་མེ་ཏོག་སྔོན་པོ་ཕུབ་ཙམ་མང་པོའི་ཆར་ཆེན་པོ་བབས། ལྷ་རས་བརྩོན་འགྲོས་དཔལ་བ་ཡིས། བྱིས་པ་ཆུང་ངུ་འདི་ལ་བསྒོམ་རོ་གཅིག་གི་རྟོགས་པ་མངོན་དུ་གྱུར་པ་བཞུགས་གདའ་གསུངས། བུ་འདི་ལ་མ་མགོན་སྤྲིན་ལྟར་འདུ། ཆོས་སྐྱོང་ཁྲོམ་ལྟར་འཚོགས། བཀའ་སྲུང་དམ་ཅན་རྒྱ་མཚོས་ཉིན་མཚན་དུས་དྲུག་བསྟན་པའི་བྱ་ར་བྱེད་པའི་དཔལ་འབའ་རོམ་པའི་བསྟན་པར་བརྒྱུད་འཛིན་གྱི་གཙོ་བོ་ཉི་ཟླ་ལྟར་གྲགས་པ་ཡིན་གསུངས་ནས། འཇམ་དབྱངས་གྲགས་པ་རྒྱལ་མཚན་དུ་མཚན་གསོལ། ལྷ་རས་པའི་མདུན་ནས་རབ་ཏུ་བྱུང་། གདམས་ངག་ཐམས་ཅད་མ་ལུས་པར་གསན་ནས་རྩ་བའི་བླ་མར་འཛིན། སློབ་དཔོན་སྟོང་ནག་རས་པ་དང་། ཀརྨ་པ་རོལ་པའི་རྡོ་རྗེ་ལས་བསྐྱེད་རྫོགས་གདམས་སྐོར་དང་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་སོགས་མང་དུ་གསན། འཇམ་དབྱངས་ཀྱི་སྤྲུལ་པར་གྲགས། ཤེ་ཕྲོམ་རྒྱམ་རྒྱལ་སྐྱོ་ཁོ་ཕུག་སོགས་སུ་ལོ་ཉི་ཤུ་བཞུགས། དེ་ནས་མཁའ་འགྲོའི་ལུང་བསྟན་ངོ་མཚར་བ་བྱུང་སྟེ། མཁའ་འགྲོ་མ་ཝ་ལ་སྤྲུལ་ནས་ཆའུ་ཁྱེར་སོང་བ་སྐྱོ་བྲག་མགོ་ཡི་བྲག་ཐོག་ལ་བཞག་འདུག་པ་གཟིགས་ནས་མཁའ་འགྲོའི་དགོན་པར་ཞབས་ཀྱིས་བཅགས་པའི་རྟེན་འབྲེལ་དུ་གོ་ནས་སྐྱོ་བྲག་མགོ་ཡི་དགོན་བཏབ། སྐུ་གསུངས་ཐུགས་རྟེན་མང་བར་བཞེངས། དགུང་ལོ་བདུན་བཅུ་དོན་གསུམ་རབ་བྱུང་བདུན་པའི་ལྕགས་སྟག་ཕྱི་ལོ་ ༡༤༡༠ ལ་སྐུ་གཤེགས། རྟེན་ཐུགས་ལྗགས་སྤྱན་གསུམ་དང་རིང་བསྲེལ་མཐའ་ཡས། རྗེ་ཉིད་ཀྱི་སློབ་མ་མང་དུ་མཆིས་ཀྱང་གཙོ་བོ་ཉི་ཟླ་ལྟར་གྲགས་པ་གཉིས་ནི། དྲུང་རྨ་སེ་ཆོས་ཀྱི་བློ་གྲོས་ལ་དཔལ་འཁོར་ལོ་བདེ་མཆོག་སྙན་བརྒྱུད་ཀྱི་བཀའ་བབ་ཉི་མ་ལྟར་གྲགས་པ་དང་། སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོ་ལ། རླུང་སེམས་དབང་ཐོབ་ཕྱག་རྒྱ་ཆེན་པོ་མཆོག་གི་བཀའ་བབ་ཟླ་བ་ལྟར་གྲགས་པ་གཉིས་ཡིན་ནོ། ། |