13421
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུངས་པའི་ལོ་ཚིགས་མི་གསལ། རབ་བྱུང་བཅུ་གཉིས་པའི་མེ་སྟག་ལོ་ཕྱི་ལོ་ ༡༧༤༦ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་བཞུགས། གདན་ས་ལོ་གསུམ་རིང་བསྐྱངས། ལོ་དེར་མཚོ་སྔོན་ཅིང་ཝང་བསྟན་འཛིན་དབང་ཕྱུག་དང་། དཔོན་མོ་ཨེར་ཁེ་ཤ་རབ་གཉིས་ཀྱི་སྦྱིན་བདག་མཛད། མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ཀྱིས་གསོལ་དཔོན་རབ་བརྟན་དོ་དམ་པར་མངགས་པར་བརྟེན། གསེར་སྡོང་ཆེན་མོ་ལ་གསེར་ཟངས་ཀྱི་མདའ་ཡབ་ཁྱད་མཚར་ཅན་དང་། སྟེང་དུ་ནོར་བུ་འབར་བ་ཆ་གཅིག་བཅས་ལེགས་པར་བཞེངས། དངུལ་སྲང་སྟོང་ཕྲག་བཞིའི་མཐུན་རྐྱེན་སྦྱར། འགན་ཁུར་བཞེས། མཆོད་རྟེན་ཆེན་མོའི་རགས་དང་བཅས་པ་ཞིག་གསོས་གནང་། རབ་གནས་རྒྱས་པར་མཛད། ལྗོན་ཤིང་ཆེན་མོའི་མཐའ་སྐོར་གྱི་ས་དང་རྡོ་ཁང་ནང་གི་ནང་རྟེན་ལྷག་མ་རྣམས་སྙིང་པོར་མཛད། དགོན་པའི་བྱང་ངོས་ཀྱི་མཆོད་རྟེན་སྒོ་བཞིར་གྲགས་པ་གསར་བཞེངས་མཛད། སྐྱབས་རྗེ་རྟ་ཚག་རྗེ་དྲུང་བློ་བཟང་དཔལ་ལྡན་རྒྱལ་མཚན་རྒྱ་ནག་ཏུ་ཕེབས་ལམ་དུ། སྐུ་འབུམ་དགོན་དུ་བྱོན། བསྙེན་བཀུར་མཛད། རྗེ་དྲུང་སྒར་བ་སྐུ་གསུང་ཐུགས་རྟེན་དང་བཅས་པ་འཚམས་པ་གྲྭ་ཚང་ལ་གནང། འདས་པའི་ལོ་ཚིགས་མི་གསལ། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ཉེར་དྲུག་པ་ཡིན། |