13722
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལས་ཀྱི་ཆེད་དུ་གསོལ་བ་གཉིས་དགོས་པའི་ལས་དེ་ལ་བཞི་བཅུ་རྩ་བདུན་ཡོད་དེ། ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་གསོལ་གཉིས་ཀྱི་ལས་བཞི་བཅུ་རྩ་བདུན་ཡོད་དེ། གནས་དང་མཚམས་ནི་གསུམ་པོ་དང་། །མི་འབྲལ་སྨྱོས་དང་དགག་དབྱེ་དང་། །གནས་མལ་སྟོབ་པར་བྱེད་པ་དང་། །རུང་བའི་ས་གཞི་བསྐོ་བ་དང་། །སྲ་བརྐྱང་དང་ནི་དེ་འདིང་དང་། །སྤོང་དང་ལག་གི་བླ་དང་ནི། །གནས་ཁང་བསྐོ་ལ་སོགས་པ་དང་། །གཟུ་དང་གསལ་དང་སྦེད་པ་དང་། །ཚུལ་ཤིང་འབྲིམས་པར་བྱེད་པ་དང་། །ཁང་པ་ཁང་ཆེན་བསྟན་པ་དང་། །གླེང་དང་འབྲལ་བར་མི་འགྱུར་དང་། །སྟན་དང་ལྷུང་བཟེད་འབྲིམས་པ་དང། །མ་དད་གོ་བར་བྱ་བ་དང་། །སྟོན་པ་དང་ནི་ནགས་ཉུལ་དང་། །ཕྱག་མི་བྱ་དང་མང་ཕྱིར་དང་། །མཁར་བ་འདྲ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །བསླབ་པ་སྦྱིན་དང་ཉེར་གནས་དང་། །བུ་དང་ཉེ་དུའི་ཕྱིར་འགྲོ་བ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། ཞེས་གསུངས་པའི་ཕྱིར། མཚམས་ཞེས་པས་མཚམས་པོ་ཆེ་དང་། དཀྱིལ་འཁོར་པའི་མཚམས་དང་། མཚམས་བུ་ཆུང་གསུམ་གཅིག་ཏུ་དང་། གནས་ཁང་བསྐོ་བ་སོགས་ཀྱིས་བསྐོ་ལས་བཅུ་གཉིས་དང་། མང་ཕྱིར་ཞེས་པས་འཁོར་དང་འཁོར་མང་པོ་ཉེ་འཇོག་གི་ལས་གཉིས་དང་། ཉེ་དུའི་ཕྱིར་འགྲོ་བ་ཞེས་པས་མུ་གེའི་ཚེ་ཉེ་དུའི་ཁྱིམ་དུ་འགྲོ་བའི་གནང་བ་སྦྱིན་པ་དང་། དབྱར་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བའི་གནང་བ་སྦྱིན་པའི་ལས་གཉིས་བསྟན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |