15114
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཚ་དམྱལ་བརྒྱད་ཀྱི་ཚེ་ཚད་བཤད་དུ་ཡོད་དེ། རྒྱལ་ཆེན་རིགས་བཞི་པའི་ཚེ་ཚད་ལ་ཉིན་ཞག་གཅིག དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱ་ཡང་སོས་པའི་ཚེ་ཚད་ཡིན་པ་ནས་གཞན་འཕྲུལ་དབང་བྱེད་པའི་ཚེ་ཚད་ལ་ཚ་བའི་ཉིན་ཞག་གཅིག་དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ཁྲི་དྲུག་སྟོང་ཚ་བའི་ཚེ་ཚད་ཡིན་པའི་བར་ལ་སྦྱར་ཞིང་། རབ་ཏུ་ཚ་བའི་ཚེ་ཚད་བར་བསྐལ་ཕྱེད་དང་། མནར་མེད་པའི་ཚེ་ཚད་བར་བསྐལ་གཅིག་ཡིན་པའི་ཕྱིར། དུད་འགྲོའི་ཚེ་ཚད་ཡོད་དེ། དུད་འགྲོ་མཆོག་ཏུ་རིང་ཤོས་རྣམས་ཀྱི་བར་བསྐལ་རེ་ཐུབ་པའི་ཕྱིར་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་ནག་པོས་སངས་རྒྱས་སྟོང་ལ་མཆོད་པར་བཤད་པའི་ཕྱིར། དུད་འགྲོ་ཚེ་ཐུང་བ་ལ་ནི་ངེས་པ་མེད་དེ། ཉིན་ཞག་རེ་ཙམ་དང་དབུགས་འབྱུང་རྔུབ་རེ་ཙམ་ལས་མི་ཐུབ་པ་ཡང་ཡོད་པར་བཤད་པའི་ཕྱིར། ཡི་དྭགས་ཀྱི་ཚེ་ཚད་ཡོད་དེ། མིའི་ཟླ་བ་ལ་ཉིན་ཞག་གཅིག དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱ་ཡི་དྭགས་ཀྱི་ཚེ་ཚད་ཡིན་པའི་ཕྱིར། དེས་མི་ལོ་ཁྲི་ལྔ་སྟོང་ཐུབ་པར་བཤད་དོ། །གྲང་དམྱལ་ཀྱི་ཚེ་ཚད་བཤད་དུ་ཡོད་དེ། མ་གདྷའི་ཏིལ་རྗང་བརྒྱད་ཅུ་པ་གཅིག་ཏིལ་ཁལ་བརྒྱད་བཅུས་བྱུར་བུར་བཀངས་ནས་མི་ལོ་བརྒྱ་བརྒྱ་ནས་ཏིལ་རེ་རེ་ཕྱུང་བས་མཐར་ཏིལ་དེ་ཟད་པ་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ཅིང་། གྲང་དམྱལ་གཞན་བདུན་གྱི་ཚེ་ཚད་ནི་སྟེང་མ་སྟེང་མ་ལས་འོག་མ་འོག་མ་ཉི་ཤུ་ཉི་ཤུས་བསྒྱུར་བ་སྟེ། ཆུ་བུར་ཅན་གྱི་ཚེ་ཚད་ཉི་ཤུ་ཆུ་བུར་རྡོལ་པ་ཅན་གྱི་ཚེ་ཚད་ཡིན་པ་ནས་པདྨ་ལྟར་གས་པའི་ཚེ་ཚད་ཉི་ཤུ་པདྨ་ཆེར་གས་པའི་ཚེ་ཚད་ཡིན་པའི་བར་ལ་སྦྱར་བར་བྱ་བ་ཡིན་པའི་ཕྱིར་ཏེ། མདོ་ལས། དགེ་སློང་དག་ཆུ་བུར་ཅན་གྱི་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ་ཆུ་བུར་རྡོལ་བ་གཅིག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། |
| Domain | ཆོས་ལུགས། |