15921
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱུང་བཅུ་གཅིག་པའི་ཆུ་སྤྲེལ་ཕྱི་ལོ་ ༡༦༣༢ ལོར་མདོ་སྨད་ཅོ་ནེའི་ཞོ་བཟང་དུ་སྐུ་འཁྲུངས། ཆུང་་དུས་ནས་བྱ་ཁྱུང་མཁན་པོ་དོན་ཡོད་རྒྱལ་མཚན་དང་། ནོ་ཡོན་ཆོས་རྗེ་རྒྱལ་མཚན་དཔལ་བཟང་རྣམ་གཉིས་ལས་རབ་ཏུ་བྱུང། མཚན་ལ་ཚུལ་ཁྲིམས་དར་རྒྱས་ཞེས་གསོལ། དབུས་སུ་ཕེབས། སེ་ར་ཐེག་ཆེན་གླིང་དུ་ཞུགས། མདོ་སྔགས་རིག་གནང་དང་བཅས་པར་སྦྱངས། སུམ་ཅུ་པར་སྨད་གྲྭ་ཚང་གི་འཆད་ཉན་སློབ་དཔོན་དུ་ཕེབས། འཆད་ཉན་ལོ་བཅུ་བཞིའི་རིང་བསྐྱངས། འོལ་ཁ་རྫིང་ཕྱི་དང་། བསམ་གླིང་སླེབ་རི། ཚལ་གུང་ཐང་། གསང་སྔགས་མཁར་སོགས་ཀྱི་གདན་ས་བསྐྱངས། རྒྱལ་དབང་ལྔ་བ་ཆེན་པོ་ལས་སླར་བསྙེན་པར་རྫོགས། དགའ་ལྡན་ཤར་གྱི་གདན་ས་བསྐྱངས། པེ་ཅིང་དུ་ཕེབས། རྒྱལ་བློན་རྣམས་ལ་ཟབ་རྒྱས་ཆོས་འཁོར་བསྐོར། ང་བཞི་པ་རབ་བྱུང་བཅུ་གཅིག་པའི་ཤིང་གླང་ཕྱི་ལོ་ ༡༦༨༥ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་བདུན་རིང་བསྐྱངས། རྟེན་དང་བརྟེན་པ་མང་དུ་བཞེངས། འོལ་ཁ་རྫིང་ཕྱིར་ཟུར་བཞུགས་མཛད། རེ་བཞི་པ་རབ་བྱུང་བཅུ་གཉིས་པའི་ཤིང་ཕག་ཕྱི་ལོ ༡༦༩༥ ལོར་དགའ་ལྡན་གསེར་ཁྲིར་སླར་བཞུགས། གསེར་ཁྲི་ལོ་ལྔའི་རིང་བསྐྱངས། གསེར་ཟངས་ཀྱི་རྒྱལ་བ་བྱམས་པའི་སྐུ་ཁྲུ་བཞི་པ་དང་བཅས་པའི་གསེར་སྐུ་མང་བ་དང་། གནས་བརྟན་བཅུ་དྲུག རྗེ་ཙོང་ཁ་པའི་སྐུ་པར། གཙུག་ལག་ཁང་། བཀའ་འགྱུར་བཅས་མང་དུ་བཞེངས། རྒྱལ་བ་ཚངས་དབྱངས་རྒྱ་མཚོར་ལམ་རིམ་སོགས་ཀྱི་ཆོས་བཀའ་ཕུལ། འདས་ལོ་མི་གསལ། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཞེ་ལྔ་པ་ཡིན། |