20372

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཏཱའི་སི་ཏུ་བཅུ་གཅིག་པ་ (1)
Part of speech མིང་ཚིག
Definition ཀྭན་ཏིང་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ནི། ཕྱི་ལོ་ ༡༨༨༦ རབ་བྱུང་བཅོ་ལྔ་པའི་མེ་ཁྱི་ལོར་ཡབ་ཨ་བཀྲ་དང་ཡུམ་ཚེ་དཔལ་ལྷ་མཚོ་གཉིས་ཀྱི་སྲས་སུ་ཁམས་ལི་ཐང་དུ་སྐུ་བལྟམས། ཀརྨ་པ་མཁའ་ཁྱབ་རྡོ་རྗེས་གཙུག་ཕུད་བཞེས་ཤིང་དཔལ་ལྡན་ཀུན་ཁྱབ་ངེས་དོན་སྨྲ་བའི་སེངྒེ་འཆི་མེད་པདྨ་དབང་མཆོག་གྲུབ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་པའི་མཚན་དང་བར་མ་རབ་བྱུང་བསྩལ། གདན་ས་དཔལ་སྤུངས་ཀྱི་གཙུག་ལག་ཁང་དུ་གསེར་ཁྲིར་མངའ་གསོལ། ཀརྨ་པ་མཁའ་ཁྱབ་རྡོ་རྗེ་ལས་ཕྱག་ཆེན་རྒྱ་གཞུང་སོགས་ཐུན་མིན་ཕ་ཆོས་རྣམས་གསན་སྐབས་ཐབས་གྲོལ་ཟུང་འཇུག་བརྒྱུད་པའི་རྟོགས་པ་དོན་གྱི་བསྟན་པ་གཏད་དེ་བཀའ་བརྒྱུད་གྲུབ་ཐོབ་གསེར་རིའི་ཕྲེང་བར་མངའ་གསོལ། འཇམ་དབྱངས་མཁྱེན་བརྩེ། འཇམ་མགོན་བློ་གྲོས་མཐའ་ཡས། མཁན་ཆེན་བཀྲ་ཤིས་འོད་ཟེར། མཁན་ཆེན་གཞན་དགའ་སོགས་ལས་མདོ་སྔགས་རིག་གནས་དང་བཅས་པ་གསན། རྗེ་ཉིད་ཀྱིས་གསུང་བསྐུལ་ལ་བརྟེན་ནས་མཁན་ཆེན་གཞན་དགས་གཞུང་ཆེན་བཅུ་གསུམ་སོགས་ཀྱི་མཆན་འགྲེལ་བརྩམས་པ་དང་གདན་ས་ལ་མཁན་པོ་ལོ་བརྒྱད་ཀྱི་རིང་མཛད། གདན་སའི་སྤར་ཁང་ཉམས་གསོ་རྒྱ་བསྐྱེད་དང་རིས་མེད་བཀའ་བསྟན་གསུང་རབ་དཔག་ཏུ་མེད་པ་སྤར་དུ་བསྐྲུན་ཏེ་ཆོས་སྦྱིན་རླབས་ཆེ་བར་མཛད་པས་དེང་གི་དུས་སུའང་རིས་མེད་ཆོས་སྡེ་དང་ལྷག་པར་ཀཾ་ཚང་བཀའ་བརྒྱུད་ཀྱི་ཆོས་སྡེ་ཕལ་མོ་ཆེའི་ཕྱག་དཔེ་ཡིན་ན་དཔལ་སྤུངས་སྤར་མ་དངོས་སམ་ཞལ་བཤུས་གང་རུང་དང་ཕུགས་གཏུག་མ་བྱས་པ་མེད་པ་ལྟ་བུ་མངོན་པ་ནི་རྗེ་འདིའི་མཛད་པ་ཐུན་མོང་མ་ཡིན་པར་སེམས་སོ། །བོད་ཀྱི་བསྟན་སྲིད་པ་ཕན་པའི་མཛད་བཟང་རླབས་སུ་ཆེ་བར་བརྟེན་གོང་ས་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་ཧོ་ཐོག་ཐུ་ཆེ་ཁག་གི་འཇའ་ས་གསེར་ཡིག་གཟིགས་བཟོས་སུ་བསྩལ་བས་མཚོན་གཞུང་དགའ་ལྡན་ཕོ་བྲང་དང་འབྲེལ་བ་ཟབ། གཞན་ཡང་འབྲུག་རྒྱལ་དང་པོ་དང་གཉིས་པ་གཉིས་དང་ཕན་ཚུན་མཆོད་ཡོན་གྱི་འབྲེལ་ཟབ་ཀྱིས་བསྟན་སྲིད་ལ་ཕན་པའི་མཛད་པ་བསྐྱངས། ཀརྨ་མཁའ་ཁྱབ་རྡོ་རྗེའི་ལུང་བསྟན་དང་མཐུན་པར། རྒྱལ་དབང་བཅོ་ལྔ་པའི་ཡང་སྲིད་ཐུགས་ཐག་བཅད་ཅིང་། གོང་ས་བཅུ་གསུམ་པ་མཆོག་གི་མདུན་ནས་ཀྱང་ཐག་ཆོད་ཀྱི་བཀའ་བཟང་སྦུག་ཐམ་རིན་པོ་ཆེ་སྤྱི་བོའི་རྒྱན་དུ་བླངས། དབུ་སྐྲ་གཙུག་ཕུད་བཞེས་ཤིང་དཔལ་ལྡན་རང་བྱུང་རིག་པའི་རྡོ་རྗེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་པའི་མཚན་གསོལ། སོ་བྱང་སྔགས་གསུམ་གྱིས་ཡོངས་སུ་སྨིན་པར་མཛད་ནས་དོན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱག་ཏུ་གཏད་པ་སོགས་རྨད་དུ་བྱུང་བའི་མཛད་པ་བསྐྱངས་ཏེ། མཐར་ཕྱི་ལོ་ ༡༩༥༢ རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ཟླ་བ་བརྒྱད་པའི་ཚེས་ཉེར་ལྔའི་ཉིན་དགོངས་པ་ཞི་བར་གཤེགས་སོ། །

{{#arraymap:ཏཱའི་སི་ཏུ་བཅུ་གཅིག་པ་

|; |@@@ | | }}