21803

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:39, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐལ་རང་གི་དགག་བྱ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། གཉིས་པ་ཐལ་རང་གི་དགག་བྱའི་ཚད་སོ་སོར་བཤད་པ་ལ། དབུ་མ་རང་རྒྱུད་པ་ནི། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་མ་ཡིན་པར། ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་སྒོ་ནས་ཡོད་པ་དེ། དོན་དམ་ལ་དཔྱོད་པའི་རྟགས་ཡང་དག་གི་དགག་བྱ་མཐར་ཐུག་ཡིན་གྱི། མིང་བརྡས་བཞག་ཙམ་མ་ཡིན་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ། དོན་དམ་ལ་དཔྱོད་པའི་རྟགས་ཡང་དག་གི་དགག་ཆོས་མཐར་ཐུག་མ་ཡིན་ཏེ། ཆོས་རྣམས་ལ་རང་གི་མིང་བརྡས་བཞག་ཙམ་མ་ཡིན་པར། རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པའི་སྡོད་ལུགས་ཤིག་ཡོད་པར་འདོད་པའི་ཕྱིར། དེར་ཐལ། ཊཱིཀ་ཆེན་(༸རྗེ་ཙོང་ཁ་པ་ཆེན་པོའི་དབུ་མ་དགོངས་པ་རབ་གསལ་)ལས། དེ་ལྟར་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པའི་སྡོད་ལུགས་མེད་ཀྱང༌། དེའི་དབང་གིས་བཞག་པའི་སྡོད་ལུགས་མིང་དུ་བཏགས་པ་ཙམ་མ་ཡིན་པ་ཞིག་ཡོད་པ་ལུགས་འདི་ལ་མི་འགལ་བས་དབུ་མ་པ་གཉིས་དགག་བྱ་ལ་བློའི་ངོར་མི་འདྲ་བ་ཆེན་པོ་འོང་ངོ༌། །ཞེས་གསུངས་པའི་ཕྱིར། ཐལ་འགྱུར་བ་ནི། མིང་བརྡས་བཞག་པ་ཙམ་མ་ཡིན་པར་རང་གིས་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ། དོན་དམ་ལ་དཔྱོད་པའི་རྟགས་ཡང་དག་གི་དགག་བྱ་མཐར་ཐུག་ཏུ་འདོད་པ་ཡིན་ཏེ། གཟུགས་སོགས་ཀྱི་ཆོས་རྣམས་མིང་བརྡས་བཞག་ཙམ་ཡིན་པའི་ཕྱིར། དེར་ཐལ། ཆགས་སོགས་ཉོན་མོངས་རྣམས་མིང་བརྡས་བཞག་ཙམ་ཡིན་པའི་ཕྱིར། དེར་ཐལ། དེ་རྣམས་རང་འཛིན་རྟོག་པ་ཡོད་ན་ཡོད་པ་དང༌། མེད་ན་མེད་པས་རང་འཛིན་རྟོག་པའི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། དེའི་དཔེ་ཡང་ཡོད་དེ། དཔེར་ན་ཐག་ཁྲའི་སྟེང་དུ་མུན་པ་ཅུང་ཟད་བབས་པ་ན་སྦྲུལ་འཛིན་གྱི་བློ་སྐྱེས་པའི་ཚེ། ཐག་ཁྲ་དེའི་ཆ་ཤས་རེ་རེ་བ་དང༌། དབྱིབས་དང༌། ཚོགས་པ་དང༌། དེ་ལས་དོན་གཞན་པ་གང་ཡང་སྦྲུལ་དེའི་མཚན་གཞིར་བཟུང་རྒྱུ་མེད་པས་ཐག་ཁྲའི་སྟེང་དུ་སྦྲུལ་རང་འཛིན་རྟོག་པས་བཏགས་པ་ཙམ་ཡིན་པ་ལྟ་བུ་ཡིན་པའི་ཕྱིར། བཞི་བརྒྱ་པ་ལས། རྟོག་པ་མེད་པར་འདོད་ཆགས་ལས། །སོགས་ལ་ཡོད་ཉིད་ཡོད་མ་ཡིན། །ཡང་དག་དོན་དང་རྟོག་པ་ཞེས། །བློོ་དང་ལྡན་པ་སུ་ཞིག་འཛིན། །ཞེས་དང༌། དེའི་འགྲེལ་པར་ཡང༌། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང༌། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི། གོར་མ་ཆག་པར་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་ང་དེ་ཡང་རྟོག་པས་བཏགས་ཙམ་ཡིན་ཏེ། ཕུང་པོའི་སྟེང་དུ་ངར་འཛིན་གྱི་བློ་སྐྱེས་པ་དེའི་ཚེ། ཕུང་པོའི་ཆ་ཤས་རེ་རེ་བ་དང༌། དབྱིབས་དང༌། ཚོགས་པ་དང༌། དེ་ལས་གཞན་པའི་དོན་གང་ཡང་ང་དེའི་མཚན་གཞིར་བཟུང་རྒྱུ་མེད་པས་ང་རྟོག་པས་བཏགས་པ་ཙམ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཐལ་རང་གི་དགག་བྱ་

|; |@@@ | | }}