22696
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ནང་གི་རྣལ་འབྱོར་གྱི་དབུ་མ་གཞན་སྟོང་གི་རྒྱ་གཞུང་། རྒྱུད་བླ་ཐོགས་འགྲེལ་ཞེས་ཀྱང་གྲགས། མཛད་པ་པོ་ནི་རྒྱལ་བའི་བཀའ་ལ་དྲང་ངེས་འབྱེད་པར་རྒྱལ་བ་རང་གིས་ལུང་དུ་བསྟན་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་ཞབས་ཏེ། གཞུང་དེའི་མཇུག་ཏུ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ། །ཞེས་བྱུང་། གཞུང་དེའི་འགྲེལ་བྱ་ནི་བྱམས་པ་མགོན་པོའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཡིན་ལ། སྒྱུར་བ་བོ་ནི། གཞུང་དེའི་མཇུག་ཏུ། དཔལ་གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ། པཎྜི་ཏ་མཁས་པ་ཆེན་པོ་སད་ཛ་ན་དང༌། ལོ་རྩ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས། གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་བའོ། །ཞེས་བྱུང་། འགྲོ་ཀུན་སྙིང་བོ་ཅན་དུ་གསུངས་པའི་རིགས་པ་གསུམ་ནི། དེ་ཉིད་ལས། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུས་འཕྲོ་བའི་དོན་དང༌། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་རྣམ་པར་དབྱེར་མེད་པའི་དོན་དང༌། དེ་བཞིན་གཤེགས་པའི་རིགས་ཡོད་པའི་དོན་གྱིས་སོ། །དོན་གྱི་གནས་གསུམ་པོ་འདི་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་རྗེས་སུ་འབྲངས་ཏེ་འོག་ནས་སྟོན་པར་འགྱུར་རོ། །ཞེས་བྱུང་། རང་སྟོང་གཞན་སྟོང་གི་སྟོང་ཚུལ་གྱི་རིགས་པ་གཉིས་ཀྱང་། དེ་ཉིད་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི ། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལས་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནི་འགའ་ཡང་མེད་ལ། གློ་བུར་བའི་དྲི་མ་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ཅན་གཞག་པར་བྱ་བ་ཡང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་ནི་མི་སྟོང་ངོ་ཞེས་གསུངས་སོ། །དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་ལྷག་པར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར། ཕྱིན་ཅི་མ་ལོག་པ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཏོ། །ཞེས་བྱུང་། |