25117

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགོན་ཕུ་དང་པོ་གཞན་ཕན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དགོན་ཕུ་གཞན་ཕན་རྒྱ་མཚོའམ་བྱ་བཏང་བསོད་ནམས་རིན་ཆེན་ནི། བོད་ལ་མདུད་པ་བཞི་ཡོད་པའི་ནང་ཚན། ས་ངན་ས་ཡི་མདུད་པ་ཞེས་པའི་ཆར། རོང་རེ་ཁེ་ཨ་མདོ་ཁ་རུ་ཡབ་རིན་ཆེན་ལྷུན་གྲུབ་དང༌། ཡུམ་ཤེས་རབ་སྒྲོན་མའི་སྲས་སུ། རབ་བྱུང་བཅུ་པའི་མེ་བྱ་ ༡༥༩༧ ལོར་བལྟམས། གནས་བརྟན་བ་ཀུ་ལའི་རྣམ་འཕྲུལ་དུ་གྲགས། ལྷུམས་སུ་ཞུགས་པའི་སྐབས། ཡུམ་ལ་དགེ་སློང་བགྲེས་པོ་ཞིག་གིས་གསེར་གྱི་རྡོ་རྗེ་ཞིག་སྤྱི་བོར་བཞག་པས། ཁོག་ཏུ་ཐིམ་པ་སོགས་ངོ་མཚར་བའི་རྨི་ལྟས་མང་དུ་བྱུང༌། དགུང་གྲངས་བདུན་བརྒྱད་སྐབས་ཁང་རྩེག་མཐོན་པོ་ནས་མཆོངས་པས། རྡོ་ལ་ཞབས་རྗེས་བྱུང་བ་དང༌། ནར་སོན་ཏེ་ཕྱུགས་རྫིར་བྱོན་སྐབས། གཅན་སྤྱང་དང་ཕྱུགས་མཉམ་པོར་བསྡད་ཀྱང་འཚེ་བ་མེད་པ་སོགས་ཆུང་དུས་ནས་ངོ་མཚར་བའི་རྣམ་ཐར་མང༌། ཁུ་བོ་ལས་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན། དེ་ནས་དགུང་གྲངས་བཅུ་བདུན་ཙམ་ལ་ངེས་འབྱུང་ཆེན་པོས་རྒྱུད་བསྐུལ་ཏེ། མཁའ་འགྲོ་གསང་ཕུག་ཏུ་གྲུབ་དབང་ཀརྨ་བསྟན་འཕེལ་མཇལ་ནས། རྗེ་དེ་ཉིད་ལ་གདམས་ངག་བུམ་པ་གང་བྱོར་ཐོབ། ལོ་དྲུག་ཙམ་བླ་མ་དང་ལྷན་དུ་བཞུགས་ཤིང་གདམས་ངག་ལ་ཞུན་ཐར་བཅད། བླ་མའི་བཀའ་བཞིན་གནས་ངེས་མེད་དུ་གསང་སྤྱོད་རི་འགྲིམ་དང་གདུལ་བྱ་ལ་བྱོན། དེ་ནས་མ་ཡུམ་དང་ལྷན་དུ་སོག་ཡག་འབོམ་དཀར་ཞེས་པར་ཕེབས་ཏེ། རྗེ་ཉིད་རྫ་སྐྱིབས་སུ་ཐུགས་དམ་ལ་བཞུགས། མས་ཡུལ་འབྲོག་རྣམས་ལ་བསོད་སྙོམས་བསླངས་ནས་བཞུགས་པའི་ཚེ། སྡེ་དགེ་ཉག་གཤིས་རྒྱལ་པོས་རྣམ་ཐར་ཐོས་པས་དད་དེ། སྤྱན་འདྲེན་ཞུས་པའི་མཐར། སྐུ་འབུམ་ཕོ་བྲང་དུ་ཞབས་པད་བཀོད་ནས མགོན་པོའི་གཏོར་ཟློག་དང༌། མགོན་དཀར་གྱི་ཚེ་དབང་སོགས་བསྩལ་ཏེ་མཆོད་ཡོན་གྱི་འབྲེལ་བ་ཚུགས། ཡུལ་སྡེ་ཐམས་ཅད་ཀྱིས་རྟག་པར་བཞུགས་དགོས་ཚུལ་ནན་ཞུས་ངོར། བསྟན་འགྲོའི་དོན་ཆེན་འབྱུང་བར་དགོངས་ནས་ཞལ་གྱིས་བཞེས་ཤིང༌། ད་ལྟའི་དགོན་གནས་འདིར་སྒྲུབ་སྡེ་འཛུགས་བཞེད་ཀྱིས། བུ་སློབ་རྣམས་ཅོག་སྒར་བྱས་ནས་བཞུགས། ང་གཅིག་ཙམ་ལ་གཙུག་ལག་ཁང་ཀ་མལ་དྲུག་ཅུ་ཙམ་གསར་དུ་བཞེངས་ནས། དགོན་ཕུ་ཕན་བདེ་མི་འགྱུར་དར་རྒྱས་གླིང་འདི་བྱུང༌། ནང་རྟེན་གཙོ་བོར། རྗེ་གྲུབ་དབང་ཀརྨ་བསྟན་འཕེལ་ནས་གནང་བའི་ཐུབ་དབང་བྱིའུ་དྲོད་མ་སོགས། རྟེན་གསུམ་བྱིན་ཅན་དུ་མ་བཞུགས་སུ་གསོལ། དགེ་འདུན་གྱི་སྡེ་ཡང་སུམ་བརྒྱ་བརྒལ་ཙམ་འདུས་ཤིང༌། དེ་དག་ལ་སྨིན་གྲོལ་གྱི་ཆོས་འཁོར་ཅི་ཡང་བསྐོར་བས། ཐམས་ཅད་མཚན་ཉིད་ཚང་བའི་དགེ་འདུན་ཤ་སྟག་ཏུ་བྱུང༌། མི་དབང་མངའ་ཁོང་གི་འོག་སྡེ་ཕལ་ཆེའི་མཆོད་གནས་སུ་བཀུར། ཡུལ་འདིའི་སྟོད་སྨད་ཕལ་ཆེར་བོན་ལུགས་ལ། རྗེ་འདི་ཉིད་ཕེབས་པ་ནས་བཟུང་། བོན་ཆོས་ནུབ་ནས་བན་བསྟན་ལ་འགྱུར་ཞིང༌། ཡུལ་ལ་ཆོས་མིང་ཆགས་ནས་ཉག་གཤིས་འབྲུག་ལུང་དཀར་མོ་ཞེས་གྲགས་པར་གྱུར། དགུང་གྲངས་དྲུག་ཅུ་རེ་དགུ་པ་ཤིང་སྦྲུལ་ ༡༦༦༥ ལོར་དགོངས་པ་ཞི་དབྱིངས་སུ་བསྡུས་སོ། །སློབ་མའི་གཙོ་བོ་ནི། གནས་བརྟན་བཅོ་ལྔའི་སྤྲུལ་པ་རྟོགས་ལྡན་འཕུལ་ཤེས་སློབ་མ་བཅོ་ལྔ་དང༌། མཛད་སྤྲུལ་མདོ་སྔགས་བསྟན་འཛིན་སོགས་མང་ངོ༌། །

{{#arraymap:དགོན་ཕུ་དང་པོ་གཞན་ཕན་རྒྱ་མཚོ་

|; |@@@ | | }}