25400

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དངུལ་ཆུ་ (1)
Part of speech མིང་ཚིག
Definition གསེར་དངུལ་ཞ་ཉེ་སོགས་ལ་དབྱེར་མེད་དུ་འདྲེས་ཐུབ་པའི་རྫས་ལྕགས་རིགས་སུ་གཏོགས་པ་ཞིག་ཡིན། རྣམ་པ་ཆུ་ལྟར་གཡོ་བ་དང་ཁ་དོག་དཀར་པོ་དངུལ་མདོག་ཅན། ངོ་བོ་ལྕི་ཞིང་གཡོ་བ། སར་བོ་ན་རིང་བསྲེལ་ལྟར་འཐོར་ཞིང་དངོས་པོ་གཞན་ལ་མི་འགོ་བའམ་མི་འདྲེས་པ། བརྟག་ཚེ་དྲོད་ཚད་རྒྱུན་ལྡན་གྱི་སྐབས་སུ་ཆུ་ལྟར་གཡོ་ཞིང་། དྲི་དང་ལྦུ་བ་སོགས་མེད་པ། དྭངས་ལ་དངུལ་འོད་འཚེར་བ་དངུལ་ཆུའི་རང་གཟུགས་སུ་གནས་པ་དང༌། མཁའ་རླུང་ཕོག་སར་ཡུན་རིང་བཞག་ན་གཡའ་ཐོགས་པའམ་ངོ་བོ་ཡལ་བ། དྲོད་ཚད་ ༣༥༠ ལ་སླེབས་དུས་རླངས་པའམ་དུ་བར་གྱུར་ནས་ཡལ་བ་དང༌། དྲོད་ཚད་ ༣༦ ལ་སླེབས་དུས་འཁྱགས་པའི་ཤེལ་གཟུགས་མིང་བརྒྱད་མར་འགྱུར་བ། ཆུ་དང་ཆང་རྩི་ཡན་སོན་བཅས་ཀྱིས་མི་འཇུ་ཞིང༌། ཤའོ་སོན་དང་དྲོད་ལྡན་མུ་ཟིའི་སྐྱུར་ནང་དུ་འདྲེས་ཤིང་འཇུ་བ། ཟངས་སོགས་ལྕགས་ཁམས་ཀྱི་རིགས་མང་པོར་འགོ་བ་ཞིག་ཡིན། འདིའི་འབྱུང་ཁུངས་དངོས་ནི་རྒྱ་བོད་ཀྱི་མཚལ་རིགས་གང་རུང་དང༌། རྡོ་དངུལ་རྡོ་འདྲ་ལ་བསྲེགས་ན་དུད་པར་ཡལ་བ་ཞིག་དང༌། རྡོ་ཕ་ཝང་ལོང་བུ་དང༌། མིའི་རྔུལ་དྲེག་ཅན་གྱི་གོས་དང༌། ལྡོང་རོས། རོ་གོས་ཆར་ཟག་སོང་བ་དང༌། མཚེར་ཤུར་གྱི་རེ་བ་ཆར་ཟག་སོང་བ་དང༌། སྔོ་སྣེའུ་དང༌། བྱ་ཕུག་རོན་དང༌། འབུ་སྡིག་པ་ནག་པོ་སྟེ་རྫས་སྣ་བཅུ་པོ་འདི་དག་གང་རིགས་ལས་འབྱུང་བས་དེ་དག་ཀྱང་དོན་བསྡུ་ན། རྡོ་ལས་བྱུང་བ་དང༌། སྲོག་ཆགས་ལས་བྱུང་བ། སྔོ་ལས་བྱུང་བ་གསུམ་དུ་འདུ། དེང་ཕལ་ཆེར་ནི་རྒྱ་དཀར་ནག་ལ་སོགས་པའི་ཡུལ་གྲུ་རྣམས་སུ་རྫས་འགྱུར་གྱི་རྫས་རྒྱུན་ཕ་མོའི་ལས་སྣོན་བཟོ་གྲྭ་ཁག་གིས་ལས་སྣོན་བྱས་པ་ལས་བྱུང་བ་མང༌། དེའི་རིགས་ཀྱི་དབྱེ་བར་དཀར་ཟིང་གཡོ་བ་ལ་ནི་རྒོད་པ་དང༌། སྔོ་ཞིང་དལ་བ་ལ་ནི་གཡུང་བ་ཞེས་རིགས་གཉིས་སུ་དབྱེ་བ་ལས་རྒོད་གཡུང་གང་ལ་ཡང་ལྕི་བའི་དུག་གསུམ་ཡོད་པས་སྨན་དུ་སྤྱོད་སྐབས་དུག་དེ་གསུམ་ལེགས་པར་བསད་དགོས་པ་ནི་གནད་ཤིན་ཏུ་ཆེ་བ་ཡིན། རོ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བ། འདི་ཉིད་བཙོ་བཀྲུ་ཆེན་པོའི་ལག་ལེན་ཚུལ་བཞིན་བྱས་པའི་རིན་ཆེན་བཙོ་ཐལ་ནི་བཅུད་ཀྱི་རྒྱལ་པོར་གྱུར་པ་གང་ཞིག་བཞི་བརྒྱ་རྩ་བཞིའི་ནད་རིགས་ཀུན་ལ་བསྔགས་པ་སོགས་ནུས་པ་བསམ་གྱིས་མི་ཁྱབ་པ་ཡིན།
Synonyms སཱ་ད་ར། ཀུན་དའི་རང་བཞིན། ཁུ་བའི་དབང་པོ། རྒྱུག་བྱེད། རབ་ཏུ་གཡོ་བ། འདེད་བྱེད། ངང་བའི་རྐང་པ། དངུལ་བྱེད། ལྕགས་ཀྱི་ཕག་སྔོན། ཆུ་སྨན་རལ་གྲི་རེག་ཆོད། ཆུའི་སྨན་པ་དཀར་པོ། མཆོག་སྦྱིན། མཆོག་ལྡན། རོ་མཆོག སྨན་གྱི་གཙོ་བོ་སྤྱི་སོ། དུག་རལ་འབར་བ། བདུད་རྩི་གངས་ཀྱི་སེང་གེ། བདུད་རྩི་བཅུད་རྒྱལ། གནམ་གྱི་བྱ་ཁྱུང་དཀར་པོ། བསིལ་བྱེད་གངས་ཀྱི་ཁྱུང་རྒོད། གནམ་ལྕགས་རྡོ་རྗེའི་ཁྲབ་རིང་། གནམ་ལྕགས་ཟིལ་བ། འཕྲོག་བྱེད་ཐིག་ལེ། ཐིག་ལེ་དར་ཡ་ཀན། འཕྲོག་བྱེད་ས་བོན། ཁམས་ཆེན་པོ། དག་པའི་ཁམས། དབང་ཕྱུག་ས་བོན། དབང་ཕྱུག་ཐིག་ལེ། འབིགས་བྱེད་རྒྱལ་པོ། མེས་འཆིང་། དམར་སྐྱེས། མཚལ་སྐྱེས། མཚལ་གྱི་བུ། མཚལ་ཆུ། རྫས་ཀྱི་རྡོ་རྗེ་ཕ་ལམ། ཟུག་རྔུ་ཞི་བྱེད། ཟླ་བའི་བདུད་རྩི། ཟླ་བསིལ། བདུད་རྩི་ཟླ་བའི་བསིལ་བ། བསིལ་ཆེན་གངས་ཀྱི་ཆུ་རྒྱུན། ཟླ་བའི་གཟུགས་ཅན།