25979

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔལ་ཁང་པ་ཆོས་ཀྱི་གྲགས་པ་ (1)
Part of speech མིང་ཚིག
Definition འཁྲུངས་ཡུལ་ངོམ་རུ་ཐོག་གདུང་ཏོང་གཡུ་ཚང་། ཡབ་ཕུར་བུ་དང་། ཡུམ་སེང་གེ་བཟའ་གཉེན་མོ་གཉིས་ཀྱི་སྲས་སུ། རབ་བྱུང་བཞི་པའི་ལྕགས་ཕག་ ༡༢༥༡ ལོར་སྐུ་འཁྲུངས། བྱིས་པའི་དུས་ནས་སེམས་རང་བཞིན་གྱིས་མི་གཡོ་བའི་ཏིང་ངེ་འཛིན་བྱུང་ཡང་ངོ་མ་ཤེས། ཡུན་མ་ཐོགས་པར་ཀློག་ཤེས། འཁོར་བ་ལ་སྐྱོ་ནས། གཏོགས་ལྟ་དགོན་དུ་བན་བྲོས་ལ་བྱོན། མཁན་རིན་ཆེན་གྲགས་པའི་དྲུང་དུ་རབ་ཏུ་བྱུང་། མཚན་ཆོས་ཀྱི་གྲགས་པ་བཏགས། དགེ་ཚུལ་གྱི་བླངས་འདས་སོགས་འདུལ་བ་དང་། སྲོལ་གཉིས་ཀྱི་སེམས་བསྐྱེད་ཞུས། རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་དང་མཇལ་ནས་སྔར་ཏིང་ངེ་འཛིན་སྐྱེ་ཚུལ་གྱི་ཉམས་ཕུལ་བས། དེ་ལྟར་ཡིན། ད་མོད་ལ་སྒོམས་གསུང་། རྗེ་སྤྱན་སྔ་བའི་མཚན་ལ་དད་ནས་སྐུ་མདུན་དུ་རང་གི་ཉམས་མྱོང་གི་རིམ་པ་ཞུས་པས། ད་སྔོན་འགྲོའི་ཁྲིད་མི་དགོས་པར་འདུག་གསུངས་ནས། ཕྱག་ཆེན་གྱི་ཁྲིད་བཏབ་ནས་བསྒོམས་པས། སྔར་གྱི་ཉམས་མྱོང་ཐམས་ཅད་ཕྱི་ཤུན་དང་སྦུན་པར་སོང་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ངོ་རང་གིས་ཤེས་པར་བྱུང་། ངོམ་སྟོད་ན་རྗེ་སྤྱན་སྔ་བའི་དྲུང་དུ་བྱོན་ནས་བདེ་མཆོག་བཅུ་གསུམ་མ་དང་། རོ་སྙོམས་ཀྱི་སྐོར་ཞུས། གཞན་ཡང་རི་གཉན་དང་། ས་གཉན་ཐམས་ཅད་འགྲིམས་ཤིང་། རོ་སྙོམས་ཀྱི་གསང་སྤྱོད་མཛད་པས། གཙང་བཙོག་དང་ངོ་ཚའི་རྟོག་པ་ཐམས་ཅད་དང་བྲལ་ཞིང་། ཕྱི་རོལ་གྱི་སྣང་བ་ཐམས་ཅད་སྒྱུ་མར་སྣང་ཡང་། ནང་སེམས་ཉིད་གཉུག་མའི་ངང་དུ་རོ་གཅིག་པར་རྟོགས། གྲོང་དུ་རྒྱུ་ནས་སྨྱོན་པ། མཛེ་བོ། ནད་པ་ཐམས་ཅད་ལ་བྱིན་རླབས་མཛད། སྔོན་རྗེ་བཙུན་སྤྱན་སྔས་ལུང་བསྟན་པ། ཡབ་བཀྲ་ཤིས་ཁང་པའི་དགོན་པ་མཛད་ནས་ཕྱག་ཕེབས། དེར་གདུལ་བྱའི་བློ་དང་སྦྱར་བའི་ཆོས་གསུངས་ཤིང་། དེ་ཡང་བླ་མའི་ཕྱག་བཞེས་ལྟར། དང་པོ་མ་སྨིན་པ་སྨིན་པར་བྱེད་པའི་དབང་བསྐུར། སྨིན་པ་གྲོལ་བར་བྱེད་པའི་བསྐྱེད་རྫོགས་ཀྱི་ཁྲིད། དེ་ལ་སྲུང་མཚམས་ཀྱི་དམ་ཚིག་ལེགས་པར་སློབ་ནས། དམར་ཁྲིད་མ་རྫོགས་པར་དཔེ་དང་ཚིག་སྡུད་དུ་མ་སོང་བར་མཛད། ཉམས་རྟོགས་པ་མཚམས་མ་ཕྱེ་བ་ལ། ངོ་སྤྲོད་བྱ་ཤོར་དུ་མ་སོང་བར་ཕྱག་ལེན་དུ་ཐིང་པར་མཛད་པས། སློབ་མའི་རྒྱུད་ལ་སྟོང་པ་དང་སྙིང་རྗེས་བརླན་པའི་རྟོགས་ལྡན་གྱི་སྐྱེས་བུ་མང་དུ་ཚར། ཕྱག་ཏུ་དངོས་པོ་གང་བྱུང་དཀོན་མཆོག་གི་ཕྱོགས་སུ་བཏང་ནས། བསྔོ་བ་དང་སྨོན་ལམ་གྱིས་རྒྱས་ཐེབས་པར་མཛད། དོན་གསུམ་པ་ཆུ་ཕག་ ༡༣༢༣ ལོའི་རྒྱལ་གྱི་ཟླ་བའི་ཉི་ཤུ་བརྒྱད་ཀྱི་སྔ་དྲོ་ལ་སྤྲུལ་སྐུ་བསྡུས་སོ། །སྐུ་བཀྲག་མདངས་དང་གཟི་བརྗིད་སྔར་ལས་ཆེ་བ་བྱུང་། མཇལ་ཚད་ཐམས་ཅད་ངོ་མཚར་དུ་གྱུར། གདུང་ཞུགས་ལ་བཞུས་པའི་ཚེ། དུད་པ་འཇའ་ཚོན་དང་། མེ་སྒྲ་ཐམས་ཅད་རོལ་མོའི་སྒྲས་གང་ཞིང་། ཉི་མ་སུམ་ཕྲུགས་ཙམ་དུ་རིང་བ་དང་། ཐུགས་མ་ཚིག་པ་དང་། སྐུ་གདུང་རིང་བསྲེལ་དཔག་ཏུ་མེད་པ་བྱུང་ངོ་། །ཞལ་སློབ་ཀྱང་རིན་མཆོག་སོགས་མང་པོ་བྱོན་ནོ། །

{{#arraymap:དཔལ་ཁང་པ་ཆོས་ཀྱི་གྲགས་པ་

|; |@@@ | | }}