26532
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་ས་རྟ་ཕྱི་ལོ་ ༡༧༣༨ ལོར་ཤང་མདའ་གྲམ་བཀྲ་ཤིས་རྩེར་ཡབ་ཐང་ལྷ་དང་། ཡུམ་ཉི་ཟླ་དབང་མོ་གཉིས་ཀྱི་སྲས་སུ་འཁྲུངས། རྒྱལ་དབང་སྐལ་བཟང་རྒྱ་མཚོས་པཎ་ཆེན་སྐུ་ཕྲེང་ལྔ་པའི་སྤྲུལ་སྐུར་ངོས་འཛིན་གནང༌། དགུང་ལོ་བཞི་ལ་ཕེབས་སྐབས་བཀྲ་ཤིས་ལྷུན་པོར་གསེར་ཁྲི་མངའ་གསོལ་མཛད། དགུང་ལོ་བདུན་པར་དབུས་སུ་ཕེབས་ནས་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས་གསོལ། དགུང་ལོ་ཉི་ཤུ་པ་མེ་གླང་ཕྱི་ལོ ༡༧༥༧ ལོར་ཡོངས་འཛིན་བློ་བཟང་ཆོས་འཕེལ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཕྱི་ལོ་ ༡༧༧༦ ལོར་གོང་མས་པེ་ཅིན་དུ་གདན་དྲངས། མེ་བྱ་ཕྱི་ལོ་ ༡༧༧༧ ལོར་དབུས་སུ་ཕེབས་ནས་ཕོ་བྲང་ཆེན་པོ་པོ་ཏ་ལར་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་མཆོག་དང་ཞལ་འཛོམས་དང་རྒྱལ་དབང་ལ་བསྙེན་རྫོགས་ཀྱི་སྡོམ་པ་དང༌། དབང་ལུང་རྗེས་གནང་སོགས་ཟབ་ཆོས་མཐའ་ཡས་པ་ཕུལ། དགུང་ལོ་ཞེ་གཅིག་ཐོག་མདོ་སྨད་ཁུལ་དུ་ཕེབས་ནས་སྐུ་འབུམ་དང༌། ཕྱི་ལོ་ ༡༧༧༩ ལོའི་ཟླ་དྲུག་པར་རྗེ་ཉིད་སྐུ་འཁོར་དང་བཅས་པ་གོང་མ་ཆན་ལུང་གིས་གདན་དྲངས་པ་ལྟར་རྒྱ་ནག་ཏུ་ཕེབས། པཎ་ཆེན་རིན་པོ་ཆེས་གོང་མ་ལ་ཆོས་དང་རྗེས་གནང་མང་པོ་སྩལ། བཅོམ་ལྡན་འདས་མ་གདུགས་དཀར་མོའི་སྒྲུབ་ཐབས་དངོས་གྲུབ་བདུད་རྩིའི་བུམ་བཟང་ཞེས་པ་བདག་མདུན་དང་བཅས་པ་གསར་རྩོམ་མཛད། གོང་མས་གཡང་ཊིའི་ཐམ་ག་དང་འཇའ་ས་ཕུལ། གསུང་ཆོས་ཤམྦྷ་ལའི་སྨོན་ལམ་དང༌། ཤམྦྷ་ལའི་ལམ་ཡིག་སོགས་པོད་འབྲིང་དགུ་ཙམ་མཛད། ལྕགས་བྱི་ལོར་པེ་ཅིན་ཧོང་སི་ཞེས་པའི་དགོན་པར་སྐུ་གཤེགས། སྐུ་གདུང་གཙང་བཀྲ་ཤིས་ལྷུན་པོའི་དགོན་པར་གདན་དྲངས་ཏེ་གསེར་སྡོང་གསར་བཞེངས་ཀྱིས་བཞུགས་སུ་གསོལ། |