26640

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔལ་སྤུངས་མཁན་ཆེན་བཀྲ་ཤིས་འོད་ཟེར་ (1)
Part of speech མིང་ཚིག
Definition ཁམས་སྡེ་དགེ་ཨ་ལོར། ཡབ་ཚེ་བཀྲ་དང་ཡུམ་ཀླུ་སྒྲོན་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༨༣༦ རབ་བྱུང་བཅུ་བཞི་པའི་མེ་སྤྲེལ་ལོར་འཁྲུངས། ཡབ་ནས་ཡི་གེ་འབྲི་ཀློག་བསླབས། དགུང་གྲངས་བཅོ་ལྔར་སི་ཏུ་པདྨ་ཉིན་བྱེད་ཀྱིས་གཙུག་ཕུད་བཞེས་ཤིང་ཀརྨ་བསོད་ནམས་ཆོས་འཕེལ་དུ་མཚན་གསོལ། གདན་ས་དཔལ་སྤུངས་སུ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ལས་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་ཀརྨ་བཀྲ་ཤིས་འོད་ཟེར་བློ་གྲོས་སུ་མཚན་གསོལ། སྡོམ་གསུམ། ཡིད་བཞིན་མཛོད། དཔལ་བརྩེགས་ཆོས་ཀྱི་བརྗེད་བྱང་སོགས་གཞུང་ལུགས་དུ་མའི་བཤད་ལུང་གསན། མཁན་ཆེན་ཟླ་བཟང་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། ཀརྨ་བཟོད་པ་རབ་བརྟན་དུ་མཚན་གསོལ། འཇམ་མགོན་ཀོང་སྤྲུལ་མདུན་ནས། མདོ་སྔགས་ཀྱི་ཆོས་ཚུལ་སྤྱི་དང་ཁྱད་པར་ཕྱག་ཆེན་གྱི་ངོ་སྤྲོད་སོགས་དུ་མ་གསན་བཞེས་མཛད། ཕྱི་ལོ་ ༡༨༥༩ ས་ལུག་ལོར་ལོ་གསུམ་ཕྱོགས་གསུམ་དུ་བཞུགས། བླ་མ་ཀརྨ་ངེས་དོན་སྙིང་པོ་ལས་སྨིན་གྲོལ་ཐམས་ཅད་ཚེགས་མེད་དུ་གསན། ཐུན་གསེང་གི་སྐབས་གཞུང་དོན་ལ་ཐུགས་བརྩོན་ལྷོད་མེད་མཛད། སྔར་ནས་རྫ་དཔལ་སྤྲུལ་མཇལ་རྒྱུའི་ཐུགས་རེ་ཆེ་བས་སྒྲུབ་ཁང་གྲོལ་མ་ཐག་རུ་དམ་རྫོགས་ཆེན་དུ་རྫ་དཔལ་སྤྲུལ་ལས་སྤྱོད་འཇུག་ཞུས། རྫ་དཔལ་སྤྲུལ་གྱིས་སྡེ་དགེ་བར་ཁམས་དང་སྨད་ཕྱོགས་སུ་སྤྱོད་འཇུག་ཚུལ་བཞིན་མཁན་བཀྲ་ཤིས་འོད་ཟེར་དང་སྨྱོ་ཤུལ་ལུང་རྟོགས་གཉིས་ནས་ཤེས་ཡོད་ཅེས་གསུངས། མཁན་ཆེན་ཟླ་བཟང་ལས་བསྙེན་རྫོགས་བཞེས། གཞན་ཡང་རྒྱལ་དབང་ཐེག་མཆོག་རྡོ་རྗེ། གཏེར་ཆེན་མཆོག་གླིང་། འཇམ་དབྱངས་མཁྱེན་བརྩེ། མཁན་ཆེན་ཟླ་བཟང་སོགས་ལས་མདོ་སྔགས་ཆོས་ཚུལ་མཐའ་ཡས་པ་གསན་བསམ་མཛད། འཇམ་མགོན་མཁྱེན་ཀོང་ཟུང་གིས་གདན་ས་དཔལ་སྤུངས་སུ་མཁན་ཆེན་ཟླ་བཟང་ཞི་བར་གཤེགས་པའི་མཁན་ཚབ་ཏུ་མངའ་གསོལ་བ་ནས་བཟུང་དགེ་ཚུལ་ཉིས་སྟོང་ལྷག་དང་བསྙེན་རྫོགས་ལྔ་བརྒྱ་ལྷག་བསྩལ་བར་མཛད། ཕྱི་ལོ་ ༡༨༨༢ ཆུ་རྟའི་ལོར་མཚུར་ཕུའི་གདན་སར་རྒྱལ་དབང་ཐེག་མཆོག་རྡོ་རྗེ། དཔའ་བོ་གཙུག་ལག་ཉིན་བྱེད། ཞབས་དྲུང་རྡོ་རྗེ་ཕག་མོ་སོགས་ལ་བཀའ་འགྱུར་གྱི་ལྗགས་ལུང་བསྩལ། བོད་ཀྱི་སྲིད་སྐྱོང་རྒྱལ་ཚབ་སོགས་བླ་ཆེན་མི་ཆེན་མང་པོས་གུས་འདུད་བཀུར་སྟི་ཆེན་པོ་ཞུས། ཕྱི་ལོ་ ༡༨༨༦ ལོར་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་ལ་གཏེར་མཛོད་བཀླགས་ལུང་ཕུལ། ཕྱི་ལོ་ ༡༩༠༠ ལོར་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ལ་ཕྱག་བྲིས་དང་གདམས་ངག་མཛོད་ཀྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཕུལ། ཕྱི་ལོ་ ༡༩༡༠ ལོར་སི་ཏུ་པདྨ་དབང་མཆོག་རྒྱལ་པོར་བསྙེན་རྫོགས་ཕུལ། དཔལ་སྤུངས་ནི་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་ཡིན་པས་བཤད་གྲྭ་དང་གསུང་རབ་སྤར་དུ་དགོད་རྒྱུའི་ཞལ་ཆེམས་བསྩལ། ཕྱི་ལོ་ ༡༩༡༠ དགུང་གྲངས་དོན་ལྔར་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་ཟླ་བ་གསུམ་པའི་ཚེས་བཅུ་ཉིན་ཞི་བར་གཤེགས་སོ། །