27083

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:52, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབང་གྲགས་པ་འབྱུང་གནས་ (1)
Part of speech མིང་ཚིག
Definition ཕག་གྲུ་སྡེ་སྲིད་ཁྲི་རབས་དྲུག་པ་འདི་ཉིད་རབ་བྱུང་བདུན་པའི་ཤིང་རྟ་ཕྱི་ལོ་ ༡༤༡༤ ལོར་ཡབ་སངས་རྒྱས་རྒྱལ་མཚན་དང་ཡུམ་ཀུན་དགའ་དཔལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅོ་ལྔ་པར་རྩེད་ཐང་གདན་སར་བཞུགས། དགུང་ལོ་བཅུ་དགུ་པ་རབ་བྱུང་བདུན་པའི་ཆུ་བྱི ༡༤༣༢ ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲིར་ཕེབས། ལུགས་ཟུང་གི་མཛད་པ་རྣམས་ཁྲི་རབས་གོང་མ་ན་རིམ་གྱི་སྲོལ་རྒྱུན་མ་ཉམས་པར་ཕྱག་བཞེས་གནང༌། དེའི་དུས་ཡར་ལུང་ཐེལ་དུ་དུས་ཟིང་ལངས་ཏེ་དུས་མི་བདེ་བ་ཆེན་པོ་བྱུང༌། འདི་ལ་ཤིང་སྟག ༡༤༣༤ ལོའི་སྡེ་གཟར་ཆེན་མོའམ་ཕག་གྲུ་ནང་ཞིག་གི་ལོ་ཡང་ཟེར། ཤིང་ཡོས ༡༤༣༥ ལོ་ནས་རིན་སྤུངས་པའི་ཤུགས་ཇེ་རྒྱས་དང་ཕག་གྲུའི་མངའ་ཐང་ཅུང་ཟད་ཉམས་རྒུད་དུ་སོང་ཞེས་གླེང༌། མེ་སྦྲུལ་ཕྱི་ལོ་ ༡༤༣༧ ལོར་གོང་མ་གྲགས་པ་འབྱུང་གནས་སྐྱིད་ཤོད་དུ་ཕེབས་པ་ནང་སོ་རུ་དབེན་ཤ་ཆེན་པོས་གུས་མཆོད་ལེགས་པར་མཛད། དུས་མི་བདེ་བའི་དབང་གིས་གཙང་ཕྱོགས་སུ་ཕེབས་མ་ཐུབ། གོང་མ་འདིའི་སྐབས་རྩེད་ཐང་དང༌། རྩེའི་གཙུག་ལག་ཁང༌། ལྷ་ཁང་ཆེན་མོ། གསེར་གྱི་བཀའ་འགྱུར་སོགས་གསར་བཞེངས་དང༌། ནག་ཆང་གི་ཁྲིམས་བསྡམས། སྒྲུབ་མཆོད་མང་པོ་བཙུགས། པཎ་ཆེན་ནགས་ཀྱི་རིན་ཆེན་དང༌། རྒྱ་མ་སྤྱན་སྔ་བ་གཞོན་འོད། རྒོད་ཕྲུག་རས་པ་སོགས་དང༌། ལྷག་པར་དུ་མཁས་གྲུབ་དགེ་ལེགས་དཔལ་བཟང་དང༌། གསང་སྣེའུའི་ཆོས་རྗེ་རྣམ་གཉིས། དྲུང་ཆེན་དཔོན་སློབ་སོགས་ལ་གུས་འདུད་དང་བདག་རྐྱེན་ཆེ་བ་མཛད། རྗེ་འདི་ཉིད་ཀྱང་ཐུགས་རབ་ཆེ་ཞིང་གསང་སྔགས་ཀྱི་མཁྱེན་པ་ཤིན་ཏུ་རྒྱས། བྱང་ཕྱོགས་ཀྱི་སོ་ཁ་སྲུང་བའི་ཕྱིར་འོད་ཡུག་གླིང་དཀར་གྱི་རྫོང་བརྩིགས། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ཞེས་རྩོད་མེད་ཀྱི་མཁས་པ་ཆེན་པོ་དེ་ཡང་གོང་མ་འདིའི་ཞབས་འབྲིང་དུ་རྒྱུན་རིང་བཞུགས། སྲིད་ཀྱི་ཞབས་ཞུར་རིན་སྤུངས་པ་ནོར་བུ་བཟང་པོ་དང་འཕྱོངས་རྒྱས་པ་ཧོར་དཀོན་མཆོག་རིན་ཆེན་གཉིས་ནས་བྱས། རབ་བྱུང་བདུན་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༤༤༠ ལོར་ཏཱ་མིང་ཀྱེན་ཐའི་ཀྲེང་ཐུང་རྒྱལ་པོས་དབང་གི་འཇའ་ས་ཕུལ། དགུང་ལོ་སོ་གཉིས་ལ་ཕེབས་པ་རབ་བྱུང་བདུན་པའི་ཤིང་གླང་ཕྱི་ལོ་ ༡༤༤༥ ལོར་སྐུ་གཤེགས། ཚེས་ལྔ་ལ་གཤེགས་པས་སྤྱན་སྔ་ཚེས་ལྔ་པ་ཡང་ཞུ། ཁྱོན་སྲིད་ལོ་བཅུ་གཉིས་བསྐྱངས།